Wednesday, November 21, 2012

བྱིས་པའི་ཉིན་མོ།



༄༅།། བྱིས་པའི་ཉིན་མོ་ནི་རྒྱ་གར་སྲིད་བློན་དང་པོ་ནེ་རུ་མཆོག་གི་འཁྲུངས་སྐར་ཡིན། ཁོང་ཕྲུ་གུ་ལ་མཉེས་པོ་ཞེ་དྲགས་ཡོད། བྱས་ཙང་ཁོང་གི་འཁྲུངས་ཚེས་ལ་རྒྱ་གར་གྱི་བྱིས་པའི་ཉིན་མོ་ལ་གཏན་འཁེལ་གནང་བ་རེད། ཡིན་ནའང་ང་ཚོ་བོད་པ་བཙན་འབྱོལ་ནང་གནས་ཡོད་པས། རྒྱ་གར་གྱི་བྱིས་པའི་ཉིན་མོ་སྲུང་བརྩི་ཞུ་ཡི་ཡོད་པ་རེད།

    ཕྱི་ལོ་ ༢༠༡༢ཟླ་བ་ ༡༡ཚེས་ ༡༤ཉིན་ང་ཞོགས་པ་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ལ་ཆུ་ཚོད་༩ པ་ཙམ་ལ་སྐྱིད་པོའི་ངང་ཕྱིན་པ་ཡིན། གང་ཡིན་ཟེར་ན་དེ་རིང་རྒན་ལགས་རྣམས་ཀྱིས་འཁྲབ་སྟོན་དང་སྤོ་ལོ་འགྲན་བསྡུར་ལྒང་ཕུག་གནམ་ལ་གཏོང་རྒྱུ་སོགས་རྩེད་མོ་སྣ་ཚོགས་ཡོད། གཞན་ཡང་གཟའ་ལྷག་པ་ཡིན་པས་ངས་བོད་བཟོའི་འོག་འཇུག་གྱོན་པ་ཡིན། 

ཞོགས་ཚོགས་སྐབས་ང་ཚོས་ཞལ་འདོན་གང་བློ་མ་དང་ས་བདག་རྒྱལ་པོ། མ་ཎི་ཕྲེང་སྐོར་གཅིག ༸རྒྱལ་བའི་ཞབས་བརྟན་བཅས་སྐྱོར་པ་དང་བསང་གསོལ་བཏང་པ་ཡིན། ༸རྒྱལ་བའི་ཞབས་བརྟན་སྐྱོར་དགོས་དོན་ནི་དེ་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་བླ་གཟའ་ཡིན། ཞོགས་ཚོགས་ཚར་རྗེས་རྒན་ལགས་ཀྱིས་གསུང་གསལ་ལ་དེ་རིང་གི་བྱིས་པའི་ཉིན་མོ་དེ་དམིགས་བསལ་ཞེ་དྲགས་བཏང་གི་མིན། གང་ཡིན་ཟེར་ན་བོད་ནང་ད་བར་བོད་མི་༧༠ལྷག་གིས་རང་ལུས་མེར་བསྲེགས་བཏང་བ་རེད་ཅེས་གསུངས་སོང་། ལྷག་པར་དུ་ངག་བཅད་མྱ་ངན་གུད་བཏུད་སྐར་མ་གཅིག་རིང་བྱེད་དུ་བཅུག་སོང།

Sunday, November 11, 2012

ལྷ་བབས་དུས་ཆེན། བོད་ཟླ་ ༩ ཚེས་ ༢༢



  ༄༅།། ལྷ་བབས་དུས་ཆེན་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལྷ་ཡུལ་དུ་ཡུམ་ལ་ཆོས་གསུངས་ནས་སླར་མི་ཡུལ་ལ་ཕེབས་པའི་རྩ་ཆེན་གྱི་ཉིན་མོ་དེ་རེད། དེའི་ཉིན་ཨ་མ་ལགས་ང་གཉིས་ཞོགས་པ་སྔ་པོ་ལངས་ནས་ཞལ་འདོན་སྐྱོར་པ་ཡིན།

     དེ་རྗེས་ཨ་མ་ལགས་ང་གཉིས་ཞོགས་ཟས་ཚར་རྗེས་མོ་ཊའི་ནང་མེག་ལོར་གྷན་ཇི་ལ་ཕྱིན་པ་ཡིན། མེག་ལོག་གྷན་ཇིའི་ལམ་ཁ་ནས་ཨ་ནིའི་དགོན་པ་ལ་སླེབས་དུས་མོ་ཊ་བཏང་མཁན་ལ་དེར་ཁ་ཁོགས་རོགས་ཅེས་ལབ་པ་ཡིན། ཨ་ནི་དགོན་པ་ལ་ནང་མི་སོགས་ཀྱི་ཆེད་དུ་ཞལ་འདེབས་ཕུལ་བ་ཡིན།

    ཨ་ནི་དགོན་པ་ནས་ལམ་ཆུང་བརྒྱུད་གཙུག་ལག་ཁང་ལ་འགྲོ་དུས་ཀི་རྟི་དགོན་པ་ལ་སླེབས་སོང་། ཀི་རྟི་དགོན་པའི་ནང་ཕྱིན་ནས་ཞལ་འདེབས་ཕུལ་བ་ཡིན། གང་ཙམ་སོང་རྗེས་ཨ་མ་ལགས་ང་གཉིས་གཙུག་ལག་ཁང་ལ་སླེབས་སོང་། ཡིན་ཡང་ཨ་མ་ལགས་ང་གཉིས་སྔོན་ལ་གླིང་སྐོར་ལ་ཕྱིན་པ་ཡིན།

     ལྷ་རྒྱལ་རི་ནས་ཨ་མ་ལགས་ང་གཉིས་ཀྱིས་བསང་ཕུལ་བ་ཡིན། གང་ཡིན་ཟེར་ན་ལྷ་བབ་དུས་ཆེན་ཡིན་པས་སྨོན་ལམ་ཡང་མང་པོ་བརྒྱབ་པ་ཡིན། གླིང་སྐོར་གཅིག་བརྒྱབ་ཚར་རྗེས་གཙུག་ལག་ཁང་ལ་སླེབས་སོང་། གཙུག་ལག་ཁང་ལ་ཕྱིན་ནས་དང་པོ་བསང་ཕུལ་བ་ཡིན། དེ་ནས་ཆོས་མཇལ་ཞུས་པ་དང་གཙུག་ལག་ཁང་ལ་སྐོར་ར་གསུམ་བརྒྱབ་རྗེས་ཁྲོམ་ལ་ཕྱིན་པ་ཡིན། ཁྲོམ་ནས་ཚལ་དང་ཀུ་ཤུ་ལ་སོགས་ཉོས་པ་ཡིན། ནང་ལ་ལོག་ཡོང་དུས་ཞོར་ལ་ལ་ཕིང་ཡང་ཉོས་པ་ཡིན།

Sunday, November 4, 2012

སློབ་གྲྭ་ལ་beybladeའཁྱེར་བ།



༄༅།། མི་ཚང་ཞིག་ནང་བུ་གཉིས་ཡོད། ཁོ་གཉིས་ཉིན་མ་རྟག་པར་རྩེད་མོ་རྩེས་ནས་བསྡད་ཀྱི་ཡོད། ཉིན་མ་གཅིག་ཨ་མས་ཁོ་གཉིས་སློབ་གྲྭར་བཏང་བ་རེད། ཁོ་གཉིས་སློབ་གྲྭར་འགྲོ་དུས་ཁོ་གཉིས་ཀྱི་རྩེད་ཆས་beybladeའཁྱེར་ཡོད་པ་རེད། 
    སློབ་གྲྭ་ལ་སླེབས་པའི་སྐབས་ཁོ་གཉིས་ཧང་སངས་པ་རེད། གང་ཡིན་ཟེར་ན་སློབ་གྲྭའི་ནང་ལ་ཕྲུ་གུ་མང་པོ་ཡོད་པས་ཧང་སངས་པ་རེད། དེ་རྗེས་བར་སེང་སྐབས་ཁོ་གཉིས་ཀྱིས་རྩེད་ཆས་ངོམ་བཟོ་བརྒྱབ་པ་རེད། ཕྲུ་གུ་གཞན་དག་དེ་ཚོ་ཧང་སངས་པ་དང་སེམས་པ་ཡང་ཤོར། 
    སློབ་གྲྭ་གྲོལ་ཚར་རྗེས་ཕྲུ་གུ་གཞན་པ་དེ་ཚོས་རྩེད་ཆས་དེ་དགོས་ཞེས་ཕ་མ་ལ་རྙོག་ཁྲ་མང་པོ་བཤད་པར་བརྟེན། ཕ་མ་འུ་ཐུག་ནས་རྩེད་ཆས་དེ་ཉོས་དགོས་བྱུང་པ་རེད།