Saturday, January 19, 2013

ཚོང་པ་བཀྲ་ཤིས་ཇི་ལྟར་ཕྱུག་པོ་ཆགས་པ་རེད་དམ།

༄༅།། གནའ་སྔ་མོ་ཚོང་པ་བཀྲ་ཤིས་ཞེས་པ་ཞིག་ཡོད། ཁོ་ནི་ཚོང་པ་དབུལ་པོ་ཁ་བཏགས་བཙོང་མཁན་ཞིག་ཡིན། ཉིན་གཅིག་ཚོང་པ་བཀྲ་ཤིས་ཀྱིས་བསམ་པར་ད་ང་ཁ་བཏགས་བཙོང་ནས་བསྡད་ན་ལོ་རེར་སྒོར་དགུ་བརྒྱ་ལྷག་ལས་རག་གི་མི་འདུག་པས། མི་དེ་ཚོས་ང་ལ་ཕྱུག་པོ་ཆགས་རྒྱུ་མེད་པའི་ཚོང་པ་བཀྲ་ཤིས་ཞེས་འཕྱ་སྨོད་བྱས་ནས་བསྡད་ན་ཡོང་ས་མ་རེད་བསམས།

    ཁོས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་བས་ཁོ་ལ་ཐབས་ཤེས་གཅིག་རྙེད་པ་རེད། ཐབས་ཤེས་དེ་ནི་ཁོས་ཁ་བཏགས་བཙོངས་པ་དང་ཆབས་ཅིག་ཚལ་དང་ཤིང་ཏོག་བཙོང་ན་ནམ་རྒྱུན་དང་མི་འདྲ་བར་མི་ཚོས་ཉིན་ལྟར་མང་པོ་ཉོ་ཡི་ཡོད། དེར་བརྟེན་ཁོས་ཐབས་ཤེས་དེ་བེད་སྤྱོད་བཏང་སྟེ་སྡེབ་ཚོང་རྒྱབ་སར་ཕྱིན་ནས་ཚལ་དང་ཤིང་ཏོག་དོ་པོ་གང་མང་ཉོས་པ་རེད།

 
ཁོས་སོ་སོའི་ཚོང་ཁང་ནང་ལ་ཚལ་དང་ཤིང་ཏོག་བཞག་ས་བཟོས། དེ་ནས་ཁོས་ཚལ་དང་ཤིང་ཏོག་ཚང་མ་ཁ་བཀྲམ་ནས་ཚལ་བླུག་སར་ཚལ་བླུག ཤིང་ཏོག་བླུག་སར་ཤིང་ཏོག་བླུག་པ་རེད། ད་དུང་ཁོས་རང་གི་ཚོང་ཁང་གི་སྒོ་མ་ཕྱེ་གོང་ནས་རྒྱ་མ་ཡག་པོ་ཞིག་ཉོས་པ་རེད། ད་ཁོས་གྲ་སྒྲིག་ཨང་གསར་བྱས་ཏེ་རང་གི་ཚོང་ཁང་སྒོ་ཕྱེ་མ་ཐག་མི་མང་པོ་ཡར་འཛུལ་ཡོང་བ་རེད།

Monday, January 7, 2013

རྣམ་དཔྱོད་ལྡན་པའི་བུ་དོན་གྲུབ།



 ༄༅།། མི་ཚང་ཞིག་ལ་བུ་དོན་གྲུབ་ཅེས་པ་ཞིག་ཡོད། དོན་གྲུབ་ནི་ཕ་མའི་ཞལ་ལ་ཉན་པོ་ཡོད་པ་དང་སྤྱོད་པ་ཡང་ཡག་པོ་ཡོད། ཉིན་ཅིག་བུ་དོན་གྲུབ་ཀྱིས་མི་གཞན་གྱི་སྒོར་བཅུ་བརྐུས་པས། ཕ་མ་གཉིས་ཁོང་ཁོ་ལངས་ཐག་ཆོད་ནས་བུ་དོན་གྲུབ་ལ་ཉེས་བརྡུང་བཏང་བ་མ་ཟད་ཕྱིར་ཕུད་པ་རེད། ད་དུང་ཁོ་པའི་ཅ་ལག་རྣམས་གཡུག་ནས་ཁྱོད་ཟླ་བ་གཅིག་རིང་ཕྱི་ལ་སྡོད་ལབ་པ་རེད། དོན་གྲུབ་ཀྱིས་སྐད་ཆ་དེ་གོ་མ་ཐག་ཁོ་སེམས་སྐྱོ་ཐག་ཆོད་པ་རེད།

  
དེ་རྗེས་དོན་གྲུབ་ཁོ་རྒྱུག་ཆུ་གཙང་མ་ཞིག་གི་འགྲམ་དུ་ཕྱིན། དེར་ཁོས་རྩྭ་མང་པོ་སྒྲུག་ནས་རྩྭ་ཁང་ཆུང་ཆུང་ཞིག་བཟོས། ཁོས་བསམ་བློ་བཏང་ནས་ཤིང་མཁྲེགས་པོ་རིང་པོ་གཅིག་དང་སྐུད་པ་མཁྲེགས་པོ་རིང་པོ་གཅིག་སྒྲུག་ནས་ལྕགས་ཀྱུ་འདྲ་པོ་ཞིག་བཟོས། དེ་རྗེས་ཁོས་ཉ་འཛིན་ནས་བཟའ་ཡི་ཡོད་པ་རེད།

   ཉིན་མ་གཅིག་ཚན་རིག་རྒན་ལགས་ཀྱིས་སང་ཉིན་ང་ཚོ་རྒྱུག་ཆུ་འགྲམ་ལ་ཉ་འཛིན་པར་འགྲོ་ཞེས་ལབ་མ་ཐག་སློབ་ཕྲུག་རྣམས་དགའ་ཐག་ཆོད་པ་རེད། ད་དུང་དམིགས་བསལ་བུ་དོན་གྲུབ་ཡང་དགའ་པོ་བྱུང་བ་རེད། ཡང་རྒན་ལགས་ཀྱིས་དེ་རིང་དགོང་དྲོ་ཁྱེད་ཚོས་ཕ་མ་གཉིས་ལ་སང་ཉིན་ང་ཚོ་ཉ་འཛིན་པར་འགྲོ་ཆོག་གམ་མི་ཆོག་ཅེས་བཀའ་འདྲི་ཞུས། འགྲོ་ཆོག་ན་གནངས་ཉིན་སླེབས་ཀྱི་རེད། ཅེས་གསུངས།