Wednesday, July 8, 2015

ངའི་ཨོ་སི་ཊོར་ལི་ལ་ཡའི་(Australia)སྐྱེ་སྐར་དང་པོའི་ཉིན་ཐོ།

༄༅།། ངའི་ཨོ་སི་ཊོར་ལི་ལ་ཡའི་སྐྱེ་སྐར་དང་པོ་ནི། ༢༠༡༥།༧།༥ པ་ལ་རེད། དངོས་གནས་བྱེད་ན། ངའི་སྐྱེ་སྐར་ཚེས་ ༡༩ ལ་རེད། ཡིན་ནའི་ཚེས་དེ་དགུན་ཁའི་གུང་སེང་མཉམ་དུ་འཁེལ་གྱི་མི་འདུག བྱས་ཙང་ངའི་སྐྱེ་སྐར་༧།༥ ལ་བཏང་ན། གཟའ་ཉི་མ་ཡིན་པས་མི་ཚང་མ་སྐྱིད་པོའི་ངང་བསྡད་ན་འགྲིག་གི་ཡོད།

 
ཚེས་ ༥ ཉིན་ང་ཞོགས་པ་ཡར་ལངས་དུས་ངའི་ཨ་མ་ལགས་དང་ཨ་ཅག་ལགས་གཉིས་དེ་རིང་གི་ཁ་ལག་གྲ་སྒྲིག་གནང་གི་འདུག་པ་དང་། ཞོགས་པའི་ཁ་ལག་བཟོ་ཡི་འདུག པཱ་ལགས་ནི་སྔ་པོ་ནས་ཁྲོམ་ནས་ཉོ་ཆ་བསྐྱོན་པར་ཕེབས་འདུག ཁ་ལག་རྗེས་ལ་ང་ཚོ་ཅ་ལག་འཁྱེར་དགོས་པ་མང་ཆེ་བ་ངའི་ཨ་ཁུ་ལུང་རྟོགས་ལགས་ཀྱི་མོ་ཊའི་ནང་བླུགས་ནས་པཱ་ལགས་དང་མཉམ་དུ་གླིང་ཁ་ལ་འཁྱེར་སོང། ང་ཚོའི་ངོ་ཤེས་བྱམས་པ་འཕྲིན་ལས་ལགས་ཀྱིས་སྔ་པོ་ནས་བཞེངས་ཏེ་གླིང་ཁའི་ནང་ས་ཆ་ཡག་པོ་ཞིག་བཟུང་ཡོད་རེད།

  དེ་རྗེས་ང་དང་ངའི་ཨ་མ་ལགས། ཨ་ཅག་གསུམ་མེ་འཁོར་ཆུང་ཆུང་( Light Rail ) ནང་ཕྱིན་ནས་གླིང་ཁ་ལ་ཕྱིན་པ་ཡིན། གླིང་ཁ་དེ་སྐྱིད་པོ་དང་གནམ་གཤིས་ཡག་པོ་འདུག ངའི་ཨ་མ་ལགས་དང་ཨ་ཅག་གིས་སྒང་ཕུག་ཕུ་བརྒྱབ་པ་དང། ཞལ་ཏོག་སོགས་བསྒྲིགས་སོང་། ངས་རྐང་འཁོར་ཆུ་ཚོད་ཕྱེད་ཀ་ཙམ་བཞོན་པ་ཡིན།

  ཆུ་ཚོད་ཕྱེད་ཀའི་རྗེས་ལ་ངའི་ཨ་ཁུ་ཡི་ནང་མི་རྣམས་ཕེབས་སོང་ལ། ཨོ་སི་ཊོ་ལི་ཡའི་རྒྱལ་སར་བཞུགས་པའི་ང་ཚོའི་དགའ་ཉེ་ངོ་ཤེས་ལྔ་ཡང་ཕེབས་བྱུང་། ངས་ངལ་གསོ་བརྒྱབ་པ་དང་རྔན་པ་ཞོག་ཁོག་བཀྲག་མ་ (Potato Chips) བཟས་པ་ཡིན། དུས་ཚོད་ཏོག་ཙམ་རྗེས་ལ་སྦྱིན་པ་དང་སྦྱིན་པའི་ཨ་མ་ཕེབས་སོང།

  དེ་ནས་ངའི་པཱ་ལགས་དང་ངོ་ཤེས་ཚོས་གླིང་ཁའི་ནང་ལུག་ཤ་དང་རྒྱུ་མ་བཀྲག་སོང་། དེ་ཚོ་ཚར་བ་དང་ང་ཚོ་ཁ་ལག་བཟས་པ་ཡིན། ང་དང་ངའི་སྤུན་མཆེད་ཕྲུ་གུ་རྣམས་ཀྱིས་དབྱིན་ཇིའི་ཁ་ལག་(Hot Dog)ཟེར་བ་དེ་བཟས་པ་ཡིན། མི་རྒན་པ་ཚོས་ཤ་བཀྲག་དང་ཤ་བག་ལེབ། ཚལ་སོགས་མཆོད་སོང་། དེ་རྗེས་ང་དང་ངའི་སྤུན་མཆེད་ཚོ་རྩེད་མོ་མང་པོ་རྩེས་ཡིན། དཔེར་ན། ང་ཚོས་རྐང་འཁོར་བཞོན་ནས་ཉེན་རྟོག་པ་ཡིན་ཁུལ་བྱས་པ་དང་། འགྲན་སྡུར་མང་པོ་བྱས་པ་ཡིན།

  ཆུ་ཚོད་གཅིག་ཙམ་རྗེས་ལ་ང་ཚོས་སྐྱེ་སྐར་བག་ལེབ་( Birthday Cake ) བཟས་པ་ཡིན། སྐྱེ་སྐར་བག་ལེབ་མིང་ལ་( Chocolate mud Cake ) རེད་འདུག དེ་རྗེས་མི་ཚང་མས་ང་ལ་ཁ་ཏག་གཡོགས་པ་དང་རྔན་པ་མང་པོ་གནང་སོང། སྐར་མ་ཉི་ཤུ་རྗེས་ལ་ངས་སྤུན་མཆེད་ཕྲུ་གུ་ཚང་མ་ལ་སྤོ་ལོ་དང་སྨྱུ་གུ་རེ་རེ་སྤྲད་པ་ཡིན།

  ང་ཚོ་གླིང་ཁ་ལ་རྒྱུན་རིང་པོ་བསྡད་པ་ཡིན། རྒྱུ་མཚན་ནི་དགོང་མོ་གནམ་གཤིས་ཡག་པོ་འདུག ཉིན་དེ་ནི་ངའི་སྐྱེ་སྐར་གྲ་རྒྱས་ཤོས་ཡིན་ནོ།། །།

No comments: