Wednesday, May 1, 2013

སྒྲ་སྙན།


༄༅།། སྒྲ་སྙན་ནི་ཡུལ་གྲུ་གཞན་ལ་མེད་པའི་བོད་རིགས་མི་མང་གི་ཐུན་མོང་མ་ཡིན་པའི་རོལ་ཆ་ཞིག་ཡིན། སྒྲ་སྙན་ནི་སྐད་སྙན་ཞིང་དེ་ལ་ཕོ་སྐད་དང་མོ་སྐད་གཉིས་ཀ་ཡོད། བོད་ཀྱི་བཙན་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་དར་བཟོ་ཆེན་པོ་བྱུང་ཡོད་ཟེར་སྲོལ་ཡང་ཡོད། དེང་སང་སྒྲ་སྙན་དར་བཟོ་ཆེན་པོ་འབྱུང་གི་ཡོད།

     སྒྲ་སྙན་བཟོ་དུས་རྒྱུ་ཆ་གཡང་དཀར་ལུག་གི་ལྤགས་པ་དང་། ཤིང་། རྟ་ཡི་གཞུ་གུའི་སྐུད་པ་སོགས་རྒྱུ་ཆ་སྤུས་དག་དགོས། སྒྲ་སྙན་ཡག་པོ་གཅིག་བཟོ་བར་དུས་ཚོད་ཟླ་བ་གསུམ་ལྷག་ཙམ་འགོར་གྱི་ཡོད།

    སྒྲ་སྙན་གྱིས་བོད་ཀྱི་གཞས་ཚང་མའི་སྒྲ་གདངས་གཏང་ཐུབ་པ་མ་ཟད་མཚམས་རེ་རྒྱ་གར་གཞས་དང་དབྱིན་ཇིའི་གཞས་སོགས་ཀྱི་སྒྲ་གདངས་ཀྱང་གཏང་ཐུབ།

    ཐོག་མར་ང་ཚོས་སྒྲ་སྙན་སྦྱང་དུས་ངུ་སྐད་འདྲ་བའི་སྐད་ཐོན་གྱི་འདུག ལག་པ་ན་ནས་འཆང་སྙིང་མི་འདོད། དེ་ནས་ག་ལེར་ག་ལེར་མང་པོ་སྦྱངས་དུས་སྐད་སྙན་རུ་སྙན་རུ་ཕྱིན་པ་དང་ཆབས་ཅིག་ལག་པ་ཡང་གོམས་ནས་ལག་པ་འཆང་ཤོར་གྱི་འདུག

    སྒྲ་སྙན་གྱི་གྲུབ་ཆ་ནི་སྒ་དང་ལུང་ཐག སྐད་གདངས་སྒྲིག་བྱེད་ཀྱི་གཅུས་གཟེར། རྒྱུད་སྐུད། སེན་ལྡེབ་བཅས་ཡིན། གནའ་སྔ་མོ་བོད་ལ་སྒྲ་སྙན་སྟངས་དུས་མཛུབ་མོས་ཐད་ཀར་བཏང་གི་ཡོད། ཡིན་ཡང་དེང་སང་སེན་ལྡེབ་ཀྱིས་བཏང་གི་ཡོད།

    སྒྲ་སྙན་སྦྱངས་དུས་དང་པོ་སྔོན་ལ་སྔོན་འགྲོའི་སྒྲ་གདངས་ཞེས་པ་དེ་སྦྱངས་དགོས། དེ་ནས་ག་ལེར་དལ་གཞས་རྒྱུན་རིང་པོ་སྦྱངས། དལ་གཞས་ཡག་པོ་ཤེས་རྗེས། འཁྲུགས་གཞས་སྦྱངས་དགོས། འཁྲུགས་གཞས་ཚང་མ་ཤེས་ཚར་ན་མཐའ་མ་སྐད་སྒྲིག་སྟངས་སྦྱངས་དགོས།

   ང་སྒྲ་སྙན་གཏང་རྒྱུ་དགའ་པོ་ཡོད་པ་མ་ཟད་སྦྱངས་རྒྱུ་ལ་ཡང་དགའ་པོ་ཡོད། ང་ཚོ་བོད་ཕྲུག་ཚོས་བོད་ཀྱི་རོལ་ཆ་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད།











No comments: