Saturday, March 1, 2014

བཙུན་དགོན་སྒྲོལ་མ་གླིང་།

༄༅།། སྒྲོལ་མ་གླིང་ནི་གངས་སྐྱིད་ནས་ཀི་ལོ་མི་ཊར་༡༥ལྷག་ཙམ་གྱི་སར་ཆགས་ཡོད། དེའི་ཉེ་འགྲམ་ལ་བོད་ཀྱི་ནོར་བུ་གླིང་ཁ་གཉིས་པ་དེ་ཡང་ཡོད། སྒྲོལ་མ་གླིང་ནི་ཨ་ནེ་སློབ་གཉེར་གནང་ས་དང་བཞུགས་ས་ཡིན། དེའི་ནང་ལ་ཨ་ནེའི་ཉིས་བརྒྱ་ལྷག་ཙམ་ཡོད། སྒྲོལ་མ་གླིང་ནི་ཆེན་པོ་ཞེ་དྲགས་ཡོད་པ་དང་གཡས་གཡོན་ཚང་མ་ཧ་ཅང་གཙང་ལ་ཨ་ནེ་ཤག་རྣམས་བཟོ་བཀོད་ཧ་ཅང་ལེགས་པོ་འདུག
 

 སྒྲོལ་མ་གླིང་གི་ཆོས་རྭའི་ནང་ལ་འཇམ་དཔལ་དབྱངས་ཀྱི་སྐུ་འདྲ་ཆེན་པོ་ཞིག་འདུག དེའི་གཡས་གཡོན་གྱི་ཡུལ་ལྗོངས་ནི་སྙིང་རྗེ་མོ་ཞེ་དྲགས་འདུག དེ་ལ་སྤང་ལྗོངས་ཡོད་པ་དང་དེའི་འཁྲིས་ལ་བུ་བཅོལ་ཁང་སོགས་འདུག ས་འཁོད་སྙོམས་པོ་མེད་ཀྱང་མཆོད་རྭ་དང་རྡོ་བཀྱག་སོགས་བཟོ་བཀོད་མཛེས་པོ་བྱས་འདུག
 

 སྒྲོལ་མ་གླིང་ལ་བྲག་རྡོ་ཆེན་པོ་ཞིག་གི་སྒང་ལ་པདྨེ་ཧཱུཾ་ཞེས་བྲིས་འདུག་པ་དང་དེའི་འཁྲིས་སུ་ཡུར་བུའི་ནང་ནས་གླང་ཆེན་ཆེན་པོ་ཞིག་གི་སྣ་ཞག་ནས་ཆུ་སྟོར་གྱི་ཡོད་པ་ལྟར་འདུག དེའི་འོག་ཏུ་མི་ཚོས་གོས་སོགས་བཀྲུ་ཡི་འདུག
  ཞིང་འགྲམ་གྱི་ཡུར་བུའི་ནང་ཆུ་ཤིན་ཏུ་དྭངས་མ་ཞིག་རྒྱུག་བཞིན་འདུག སྔོ་ལྗང་གི་གྲོ་ཡི་ཞིང་ཁའི་ནང་མེ་ཏོག་དམར་པོ་དང་སེར་པོ། དཀར་པོ་སོགས་ཧ་ཅང་མང་པོ་བཞད་པ་མ་ཟད། འབྲས་བུ་ཅན་དང་འབྲས་བུ་མེད་པའི་ཤིང་སྡོང་ཐ་ཐོར་སྐྱེས་འདུག ལ་ལའི་ལོ་མ་སེར་པོ་དང་ཁ་ཤས་ལྗང་ཁུ་དང། འགའ་ཤས་ལོ་མ་དམར་པོ། ལ་ལ་ལོ་མ་ལྗང་ནག་སོགས་འདུག ཕུ་ལ་གངས་རི་དཀར་ཤིང་ནགས་རི་སྟུག་པོས་སྐོར་ནས་འདུག དེ་འདྲའི་ཡུལ་ལྗོངས་མཛེས་པ་བུ་ངའི་ཡིད་དབང་འཕྲོག་སོང་།
  
  སྒྲོལ་མ་གླིང་གི་ས་ཆ་དེ་འཁོད་སྙོམས་པོ་མེད་ཀྱང་དེར་རྩེད་མོ་རྩེས་ན་སྐྱིད་པོ་ཡོད་པ་མ་ཟད་དེར་གཟུགས་པོར་ལུས་རྩལ་རག་གི་འདུག སྒྲོལ་མ་གླིང་དུ་མཆོད་མཇལ་ཞུ་བ་དང་ཆབས་ཅིག་འཆམ་འཆམ་ལ་ཕྱིན་ན་དེར་སྐྱིད་པོ་ཞེ་དྲགས་བྱུང་ས་རེད། ངས་བྱས་ན་སྒྲོལ་མ་གླིང་ནི་ངས་མཐོང་བའི་ཡུལ་ལྗོངས་སྙིང་རྗེ་ཤོས་ཡིན་པར་འདྲ།། །།

No comments: