༄༅།། ངའི་སློབ་གྲྭའི་མིང་ལ་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཟེར། སློབ་གྲྭའི་ནང་སློབ་ཕྲུག་ཉིས་བརྒྱ་བཅུ་མེད་བདུན་ཙམ་ཡོད་པ་དང་། དགེ་ཆེ་གཅིག་དང་དགེ་རྒན་ལས་བྱེད་ཉི་ཤུ་རྩ་ལྔ་ཡོད། འཛིན་ཁང་བཅུ་གཅིག་དང་། གསང་སྤྱོད་ལྔ། ཐབ་ཚང་གཅིག གསོལ་ཚིགས་ཁང་གཅིག རོལ་ཆ་ཁང་གཅིག གློག་ཀླད་ཁང་གཅིག ཡིག་ཚང་དང་དགེ་རྒན་བཞུགས་ས་གཅིག ཨ་ཅག་མ་མའི་ཇ་བཟོ་སའི་ཁང་མིག་གཅིག་བཅས་ཁྱོན་བསྡོམས་ཁང་མིག་ཉི་ཤུ་རྩ་གཉིས་དང་རྩེད་ཐང་གཅིག་ཡོད།
སློབ་གྲྭ་ལ་ཐོག་རྩེག་བཞི་ཡོད། ཐོག་རྩེག་དང་པོ་དགེ་རྒན་གྱི་ལས་ཤག་རེད། ཐོག་རྩེག་གཉིས་པ་ལ་གསོལ་ཚིགས་ཁང་དང་དཔེ་མཛོད། ཐབ་ཚང་ཡོད། ཐོག་རྩེག་གསུམ་པ་ལ་འཛིན་ཁང་དང་ཡིག་ཚང་། གློག་ཀླད་ཁང་། རོལ་ཆ་ཁང་སོགས་ཡོད། ཐོག་རྩེག་བཞི་པ་ལ་རྩེད་ཐང་དང་སྔོན་་འགྲོའི་སྡེ་ཚན་ཡོད། རྩེད་ཐང་གི་གྱང་སྟེང་ཡུམ་བུ་བླ་སྒང་སོགས་རི་མོ་སྙིང་རྗེ་མོ་མང་པོ་ཡོད། སྔོན་འགྲོའི་སྡེ་ཚན་སྒང་ལ་ལས་ཤག་དང་བུ་བཅོལ་ཁང་། ཤེས་རིག་རྩོམ་སྒྲིག་སྡེ་ཚན་ཡོད།
སྔོན་འགྲོའི་སྡེ་ཚན་ལ་དགེ་རྒན་བརྒྱད་དང་། སྔོན་འགྲོ་དང་པོ་ནས་གསུམ་བར་ཡོད། སྔོན་འགྲོ་ལ་སློབ་ཚན་བོད་ཡིག་དང་ཨང་རྩིས་ཡོད། དམའ་རིམ་སྡེ་ཚན་ལ་དགེ་རྒན་བཅུ་བཞི་དང་འཛིན་རིམ་་དང་པོ་ནས་ལྔ་པ་བར་ཡོད། སློབ་ཚན་བོད་ཡིག་དང་ཨང་རྩིས། སྤྱི་ཚོགས་རིག་གནས། ཚན་རིག རི་མོ་དང་གཞས། དབྱིན་ཇི། ལུས་རྩལ། གློག་ཀླད་བཅས་ཡིན། ངའི་སློབ་གྲྭ་ལ་འཛིན་གྲྭ་བཞི་པ་ནས་དབྱིན་ཇི་དང་གློག་ཀླད་སློབ་ཀྱི་ཡོད།
སློབ་གྲྭའི་ནང་ཕྲུ་གུར་ལྟ་རྟོག་བྱེད་མཁན་མ་མ་གཅིག་དང་གཙང་མ་བཟོ་མཁན་གད་པ་རྒྱ་གར་སྐྱེ་དམན་གཅིག ཁ་ལག་བཟོ་མཁན་མ་བྱན་གཉིས་ཡོད།
ངའི་སློབ་གྲྭའི་ཁོར་ཡུག་གཙང་མ་དང་སྐྱིད་པོ་ཡོད། ད་དུང་ངའི་སློབ་གྲྭའི་སློབ་ཕྲུག་རྣམས་སྤྱོད་པ་ཡག་པོ་ཡོད་པ་་མ་ཟད་སློབ་སྦྱོང་ཡང་བྱེད་ཀྱི་རེད། དགེ་ལགས་ཚང་མས་རྒྱུན་དུ་ང་ཚོ་ལ་སློབ་འཁྲིད་ཡག་པོ་གནང་བ་མ་ཟད་བྱམས་སྐྱོང་སློབ་གསོ་སོགས་ཡག་པོ་བསྐྱོན་གནང་གི་རེད། ང་ང་རང་གི་སློབ་གྲྭའི་ནང་ཧ་ཅང་སྐྱིད་པོ་འདུག་ལ་སློབ་གྲྭ་ལ་དགའ་ཡི་འདུག ། །།
No comments:
Post a Comment