Sunday, July 17, 2016

ཉིན་ཐོ། ༢༠༡༦།༧།༡༦

༄༅།། ཉིན་དེ་ནི་དམིགས་བསལ་ཡིན། ཉིན་དེར་ང་དང་ངའི་ནང་མི་ཚོ་ནམ་རྒྱུན་དང་མི་འདྲ་བར་སྐྱིད་པོ་བཏང་པ་ཡིན། བྱས་ཙང་ངས་ཉིན་དེ་ཡི་ཉིན་ཐོ་འདི་བྲིས་པ་ཡིན་ནོ།།

ཉིན་དེའི་ཞོགས་པ་ངའི་ཕ་མ་གཉིས་ཀྱིས་ང་དང་། ངའི་ཨ་ཅག་ལ་ཡར་ལངས་མང་པོ་གསུངས་སོང་། ཡིན་ནའི་ཨ་ཅག་ང་གཉིས་ཉོབ་ཏོ་དང། མཚམས་རེ་ལེ་ལོ་ཡིན་པས། ཉལ་ཆས་ནང་སྐྱིད་པོའི་ངང་ཉལ་བསྡད་པ་ཡིན། མ་ཟད། ཉལ་ཆས་ནང་དྲོ་པོ་ཡོད་པ་དང་། ཕྱི་ལ་གྲང་མོ་ཡོད་པས། ཉལ་ཆས་ནང་བསྡད་པ་ཡིན།

ཡིན་ནའི་སྐར་མ་ཁ་ཤས་རྗེས་ལ་ངའི་ཨ་ཅག་ལགས་ཉལ་ཆས་ནང་ནས་མར་ཐོན་སོང་བས། ང་ཡང་ཉལ་ཆས་ནས་མར་ཐོན་པ་ཡིན། དེ་ནས་ངའི་ཨ་མ་ལགས་ཀྱིས་ང་ལ་ནམ་རྒྱུན་ཕྱི་ལོགས་ལ་འགྲོ་དུས་གོན་པའི་དུག་སློག་གནང་བས། ངའི་བསམ་བློའི་ནང་དེ་རིང་ང་ཚོ་ཕྱི་ལོགས་ལ་འགྲོ་ཡ་རེད་འདུག་དྲན་པ་མ་ཟད། མདང་དགོང་པཱ་ལགས་ཀྱིས་ང་ཚོར་དེའི་སྐོར་གསུང་སྟེ་གྲོས་བསྡུར་གནང་བ་ཡང་དྲན་སོས་བྱུང་།མ་གཞི་དེ་རིང་པཱ་ལགས་ལ་ཚོགས་འདུ་ཞིག་ཡོད་ཀྱང་། ཁོང་གིས་ང་ཚོའི་མཉམ་དུ་དུས་ཚོད་གཏོང་ཆེད། ཚོགས་འདུ་དེ་ནས་དགོངས་པ་ཞུས་པ་རེད། དེ་ནས་ང་ཚོ་ཞོགས་ཇ་བཟས་པ་ཡིན། ཞོགས་ཇ་རྗེས་ལ་ངའི་པཱ་ལགས་ཀྱིས་དེ་རིང་ང་ཚོ་ལ་གདམ་ཀ་ཁ་ཤས་ཡོད། གྲོང་ཁྱེར་ལི་ཝར་པུར་ལ་འགྲོ་འདོད་ཡོད་ན། དེ་ལ་རྒྱ་གར་གྱི་རྔན་པ་ཞིམ་པོ་མང་པོ་ཡོད། ཀབ་ར་མ་ཏ་ཞེས་པ་ལ་འགྲོ་འདོད་ཡོད་ན་དེ་ལ་རྒྱ་གར་གྱི་ཁ་ལག་ཞིམ་པོ་ཡོད། དེ་མིན་སིད་ཎི་གྲོང་ཁྱེར་གྱི་རོའོ་ཡལ་སྐྱེད་ཚལ་གླིང་ནང་འཆམ་འཆམ་ལ་ཕྱིན་ན་རྩི་ཤིང་གི་རིགས་མང་པོ་ཡོད། རྒྱ་གར་གྱི་ཁ་ལག་དང་རྒྱ་མིའི་ཁ་ལག་ཀྱང་ཡག་པོ་ཡོད་རེད་གསུངས་སོང་། ང་ཚོས་སིད་ཎི་ནང་གི་རོའོ་ཡལ་སྐྱེད་ཚལ་གླིང་ལ་འགྲོ་རྒྱུ་བྱས་པ་ཡིན།

Saturday, January 23, 2016

ངའི་རྩེད་ཆས་ཐད་འཕུར་གནམ་གྲུ།

༄༅།། ངའི་རྩེད་ཆས་ཐད་འཕུར་གནམ་གྲུ་ནི་ངའི་པཱ་ལགས་ཀྱི་དབྱིན་ཇི་གྲོགས་པོ་ཞིག་གིས་ང་ལ་ཡི་ཤུའི་འཁྲུངས་སྐར་ལ་རྔན་པར་གནང་བ་ཞིག་ཡིན། ཐད་འཕུར་གནམ་གྲུ་དེ་ངའི་རྩེད་ཆས་དགའ་ཤོས་ཤིག་ཡིན། རྩེད་ཆས་ཐད་འཕུར་གནམ་གྲུ་ཡི་དབྱིན་ཇི་མིང་ལ་(Mini RC Helicopter)ཟེར་གྱི་འདུག

Thursday, January 7, 2016

ངའི་ཨ་ཅག

༄༅།། ངའི་ཨ་ཅག་གི་མིང་ལ་སྟན་འཛིན་ནོར་འཛིན་ཟེར་གྱི་ཡོད། ངའི་ཨ་ཅག་ལགས་ནི་འཛམ་གླིང་ནང་གི་ངའི་སྤུན་མཆེད་ཉེ་ཤོས་དང་། རོགས་པ་ཡག་ཤོས། མིག་དཔེ་ཡག་ཤོས་ཀྱི་མི་དང་ཨ་ཅག་ཡིན། ངའི་ཨ་ཅག་ནི་དེང་སང་ལོ་བཅོ་བརྒྱད་ཡིན་པ་དང། མཐོ་རིམ་སློབ་གྲྭ་ནས་ཐོན་ཚར་ཏེ་སློབ་གྲྭ་ཆེན་མོ་(University)ཨོ་སི་ཊོ་ལི་ཡའི་ནང་ནས་ཡག་ཤོས་གཅིག་ལ་འགྲོ་རྩིས་བྱེད་ཀྱི་ཡོད་དོ།།

Saturday, November 21, 2015

གློག

༄༅།། གློག་ནི་དངོས་པོ་གལ་ཆེན་པོ་ཞིག་རེད། གློག་མེད་ན་མི་མང་ཆེ་བ་གསོན་པོར་བསྡད་ཐུབ་ཀྱི་མ་རེད། གློག་ལ་དབྱིན་ཇིའི་སྐད་ནང་(Electricity)ཟེར་གྱི་ཡོད། ད་དུང་དེང་སང་ལས་ཀ་མེང་ཆེ་བ་ལ་གློག་དགོས་པ་རེད།

Tuesday, September 22, 2015

རྒྱལ་པོ་དང་སྨན་པ།

༄༅།། སྔོན་སྨན་པ་བཀྲ་ཤིས་ཟེར་པ་ཞིག་ཡོད། སྨན་པ་དེ་ན་ཚ་ངོས་འཛིན་དང། སྨན་ལ་ཧ་ཅང་མཁས་པོ་ཡོད་པས། མི་མང་པོའི་སྲོག་བསྐྱབས་མྱོང་ཡོད། དེར་བརྟེན་མི་ཚང་མས་ཁོང་ལ་དགའ་པོ་དང་བརྩི་བཀུར་བྱེད་ཀྱི་ཡོད། ཡིན་ནའི་རྒྱལ་པོ་སྨན་པ་ལ་བཀྲ་ཤིས་ལ་དགའ་པོ་མེད། བྱས་ཙང་ཉི་མ་གཅིག་རྒྱལ་པོས་སྨན་པ་བཀྲ་ཤིས་ཀྱི་ནང་ལ་ཕེབས་ཏེ། གལ་སྲིད་ཁྱེད་རང་གིས་ལུང་པ་གཞན་སྡེའི་མི་བསྐྱབ་ན་ཁྱེད་རང་སྲོག་ཐོག་བཏང་གི་ཡིན་ཅེས་གསུངས།

Wednesday, July 8, 2015

ངའི་ཨོ་སི་ཊོར་ལི་ལ་ཡའི་(Australia)སྐྱེ་སྐར་དང་པོའི་ཉིན་ཐོ།

༄༅།། ངའི་ཨོ་སི་ཊོར་ལི་ལ་ཡའི་སྐྱེ་སྐར་དང་པོ་ནི། ༢༠༡༥།༧།༥ པ་ལ་རེད། དངོས་གནས་བྱེད་ན། ངའི་སྐྱེ་སྐར་ཚེས་ ༡༩ ལ་རེད། ཡིན་ནའི་ཚེས་དེ་དགུན་ཁའི་གུང་སེང་མཉམ་དུ་འཁེལ་གྱི་མི་འདུག བྱས་ཙང་ངའི་སྐྱེ་སྐར་༧།༥ ལ་བཏང་ན། གཟའ་ཉི་མ་ཡིན་པས་མི་ཚང་མ་སྐྱིད་པོའི་ངང་བསྡད་ན་འགྲིག་གི་ཡོད།

Sunday, June 28, 2015

ཤེལ་སྒོ།

༄༅།། ཤེལ་སྒོ་ནི་དངོས་པོ་ཕྱི་གསལ་ནང་གསལ་ཞིག་རེད། ཤེལ་སྒོ་ནི་བྱེ་མས་བཟོ་གི་ཡོད་པ་དང་བྱེ་མ་ཧ་ཅང་ཚ་བོ་བཟོས་དུས་བཞུར་གྱི་ཡོད། བྱེ་མ་བཞུར་ཚར་བ་དེ་གྲང་མོ་ཆགས་དུས་ཤེལ་སྒོ་ཆགས་ཀྱི་རེད།
  ཤེལ་སྒོ་ལ་རིགས་མང་པོ་ཡོད། ཤེལ་སྒོ་ཡི་རིགས་གཅིག་ནི་གདོང་ཤེལ་རེད། གདོང་ཤེལ་ནང་ནས་ཁྱེད་རང་གི་གཟུགས་པོ་དང་དངོས་པོ་མཐོང་ཐུབ་ཀྱི་ཡོད།ཤེལ་སྒོའི་རིགས་དེ་དག་བེད་སྤྱོད་མང་པོ་བཏང་གི་ཡོད།
  

Friday, May 29, 2015

ཆམ་པ།

༄༅།། ཆམ་པ་ནི་སྤྱིར་བཏང་གི་ན་ཚ་རེད། ཆམ་པ་ནི་ནམ་དུས་ཚང་མར་ཡོང་བའི་ན་ཚ་ཡིན། ལྷག་པར་དགུན་ཁའི་སྐབས་སུ། མི་མང་པོ་ཆམ་པ་ན་ཡི་ཡོད། གལ་སྲིད་ཁྱེད་རང་ལ་ཆམ་པ་འཕོག་ན། གློ་བརྒྱབ་པ་དང་། མགོ་ན་བ། མཚམས་རེ་ཚ་བ་འབར་པ་བཅས་བྱུང་གི་རེད།

བདུན་ཕྲག་འདིའི་ནང་དམིགས་བསལ་གཉིས་བྱུང་བ།

༄༅།། བདུན་ཕྲག་འདིའི་ནང་༼༢༠༡༥ ཟླ་ ༥ ཚེས་ ༡༠ ནས་ ༡༦ བར་༽དམིགས་བསལ་གནས་ཚུལ་གཉིས་བྱུང་སོང།
  དམིགས་བསལ་གནས་ཚུལ་དང་པོ་ནི་ང་དང། ངའི་འཛིན་གྲྭའི་ནང་གི་སློབ་ཕྲུག་ཚང་མ་མཐོ་རིམ་སློབ་འབྲིང་ལ་འགྲོ་དགོས་པ་དེ་རེད། དེ་ཡང་། དབྱིན་ཇིའི་སློབ་ཚན་སྐབས་སུ། ང་ཚོའི་རྒན་ལགས་ཀྱིས་མཐོ་རིམ་སློབ་འབྲིང་སྐོར་ལ་སྐད་ཆ་བཤད་སོང། དེ་རྗེས་རྒན་ལགས་ཀྱིས་ང་ཚོ་ལ་ཤོག་བུ་ཞིག་སྤྲད་སོང། ཤོག་བུ་དེའི་ནང་། ང་ཚོ་མགྱོགས་པོ་གཞི་རིམ་སློབ་གྲྭ་ནས་མཐོ་རིམ་སློབ་འབྲིང་ལ་འགྲོ་དགོས་རེད་ཅེས་ལབ་འདུག ཐོག་མར་ཤོག་བུ་དེ་མཐོང་དུས་ང་དང་ངའི་འཛིན་གྲོགས་ཚོའི་སེམས་ནང་ལ། དེ་ནི་རྒན་ལགས་ཀྱིས་ང་ཚོ་ལ་སྦྱོང་བརྡར་སྤྲོད་ཆེད། བེད་སྤྱོད་གཏོང་རྒྱུའི་རྒྱུ་ཆ་ཞིག་རེད་བསམ་བྱུང་། ངའི་འཛིན་གྲོགས་གཅིག་གིས་ཤོག་བུ་དེའི་ནང་དོན་དངོས་གནས་རེད་མ་རེད། སྐད་ཆ་བྲིས་སོང། ང་ཚོའི་རྒན་ལགས་ཀྱིས། དངོས་གནས་རེད་ཅེས་གསུངས་སོང། དེ་གོ་བས་ང་དང་ངའི་འཛིན་གྲོགས་མང་ཆེ་བ་ཧོན་འཐོར་བྱུང་ངོ་།

Saturday, May 9, 2015

བདུན་ཕྲག་འདིའི་ཉིན་ཐོ།

༄༅།། ད་རེས་ཀྱི་གཟའ་སྤེན་པ་ནི་ཉིན་མ་སྐྱིད་པོ་ཞིག་རེད་འདུག ཉི་མ་ཤར་པ་མ་ཟད། ཉིན་གང་སྒྲུང་དེབ་ཀློག་ནས་བསྡད་པ་ཡིན། ནམ་རྒྱུན་པཱ་ལགས་ང་གཉིས་ཉོབ་ཆ་བརྒྱབ་བར་འགྲོ་ཡི་ཡོད། འོན་ཀྱང་དེ་རིང་ངེད་གཉིས་ཕྱིན་མེད།

Monday, April 20, 2015

མི་མགོ་ལེབ། ལེའུ་གཉིས་པ།

༄༅།། སྔོན་ཡང་མི་མགོ་ལེབ་ལ་སྦྱིན་བདག་གསར་པ་ཞིག་ཡོད། སྦྱིན་བདག་དེས་ཁོ་རང་གི་ལྡུམ་ར་ནང་ལ། འབུ་དམར་བླུག་གི་ཡོད། མི་མགོ་ལེབ་ཀྱིས་ཁོ་རང་གི་སྦྱིན་བདག་ལ། སྦྱིན་བདག་ལགས། ཁྱེད་རང་གིས་འབུ་དམར་མེ་ཏོག་གི་སའི་ནང་ལ་ག་རེ་བྱེད་ནས་བླུགས་ཀྱི་ཡོད་དམ། ལབ་སྐབས། སྦྱིན་བདག་གིས་ཕར། མི་མགོ་ལེབ། འབུ་མར་གྱིས། ས་ཡག་པོ་བཟོ་བ་དང་རྩི་ཤིང་མགྱོགས་པོ་སྐྱེ་རྒྱུར་ཕན་ཐོགས་བྱེད་ཀྱི་ཡོད་ཅེས་ཟེར། ཉིན་གཅིག་སྦྱིན་བདག་གིས། ཁོ་རང་གི་ཁྱི་ཕྲུག་མཉམ་དུ་རྩེད་མོ་རྩེས་ཀྱི་ཡོད། སྦྱིན་བདག་གིས་ཁྱི་ཕྲུག་ལ། ཁྱེད་རང་ཆེན་པོ་མགྱོགས་པོ་ཆགས་ན། ང་གཉིས་མཉམ་དུ་རྩེད་མོ་མང་པོ་རྩེས་ཐུབ་ཀྱི་རེད། ཅེས་ལབ། མི་མགོ་ལེབ་ཀྱིས། སྐད་ཆ་ཚང་མ་གོ་ཡོད་པ་མ་ཟད། མི་མགོ་ལེབ་ཀྱིས། བསམ་པར། ཁྱི་ཕྲུག་དེ་ལ་འབུ་དམར་སྤྲད་ན་མགྱོགས་པོ་ཆེན་པོ་ཆགས་ཀྱི་རེད་བསམ། བྱས་ཙང། ཉིན་རྟག་པར། མི་མགོ་ལེབ་ཀྱིས། ཁྱི་ཕྲུག་ལ་འབུ་དམར་སྤྲད་ཀྱི་ཡོད། བདུན་ཕྲག་གཅིག་ཙམ་རྗེས་ལ། སྦྱིན་བདག་གིས་མི་མགོ་ལེབ་ག་རེ་བྱེད་ཀྱི་ཡོད་པ་མཐོང་བས། སྦྱིན་བདག་གིས་མི་མགོ་ལེབ་ལ་གཤེ་གཤེ་དྲ་མ་བཏང་རེད། རྗེས་ལ་མི་མགོ་ལེབ་ཀྱིས་ཕར་སྦྱིན་བདག་ལ། སྦྱིན་བདག་ལགས། སྦྱིན་བདག་ཁྱེད་རང་གིས་འབུ་དམར་ཀྱིས་སེམས་ཅན་མགྱོགས་པ་ཆེན་པོ་ཆགས་བཅུག་གི་རེད། གསུང་གནང་ཙང་། ངས་ཁྱེད་རང་གི་ཁྱི་དེ་མགྱོགས་པོ་ཆེན་པོ་ཆགས་རོགས་བྱས་ན་བསམས་ནས་འབུ་དམར་སྤྲད་པ་ཡིན། ཞེས་ལབ་སྐབས་སྦྱིན་བདག་གིས་མི་མགོ་ལེབ་ལ་ཉིན་གཅིག་ཉིན་གང་གཤེ་གཤེ་བཏང་པ་རེད།

  ཉིན་གཅིག་མི་མགོ་ལེབ་འཆམ་འཆམ་ལ་ཕྱིན་སྐབས་སྐྱེ་དམན་ཞིག་གིས། མི་གཅིག་དེད་ཀྱི་ཡོད། ཡིན་ནའི་མི་མགོ་ལེབ་ཀྱི་བསམ་པ་ལ། སྐྱེ་དམན་དེས་མི་མགོ་ལེབ་ཁོ་རང་དེད་ཀྱི་ཡོད་རེད་བསམ་ནས། མི་མགོ་ལེབ་བྲོས་ཕྱིན་པ་རེད། མི་མགོ་ལེབ་ཀྱི་འཁྲིས་ལ་སྐྱེ་དམན་གྱིས་དེད་བཞིན་པའི་མི་དེ་རྒྱུག་ཤར་གློད་ཀྱི་ཡོད་པ་རེད། མི་མགོ་ལེབ་ཀྱིས། མི་དེ་ག་རེ་བྱས་ནས་རྒྱུག་ཤར་གློད་ཀྱི་ཡོད་དམ། ཞེས་ལབ། མི་མགོ་ལེབ་ཀྱིས་ལབ་ཚར་སྐབས། མི་དེས། མི་མགོ་ལེབ་མར་གཡུག་ནས། ངས་ལྟོ་ཕད་དེ་རྐུ་མ་བརྐུས་པ་ཡིན་ལབ་ནས་བྲོས་ཕྱིན་པ་རེད། དེ་རྗེས་མི་མགོ་ལེབ་ཀྱིས་མགོ་མ་ཚོད་པར་ཁོ་རང་གི་སྦྱིན་བདག་ལ་གནས་ཚུལ་ཚང་མ་ལབ། ཡིན་ནའི་སྦྱིན་བདག་བགད་མོ་ཤོར་ཐག་ཆོས་ནས་རིལ་པ་རེད། རྒྱུ་མཚན་དེ་ཡིས་མི་མགོ་ལེབ་ཀྱིས་དུས་ཚོད་མང་ཆེ་བ་ཡི་གེ་སྦྱང་ནས་བསྡད་དོ།། །།

Saturday, April 4, 2015

ཉིན་ཐོ། ༢༠༡༥།༤།༤

༄༅།། དེ་རིང་ནི་ང་ཚོའི་ (Easter) ཡི་གུང་སེང་ཉིན་གཉིས་པ་རེད། དེ་རིང་གནམ་གཤིས་ཡག་པོ་མི་འདུག ཞོགས་པ་ནས་ཆར་པ་བབས་པ་མ་ཟད། ནམ་མཁའ་ཡོངས་སུ་སྤྲིན་པས་བཀབ་འདུག ང་ཆུ་ཚོད་བདུན་དང་ཕྱེད་ཀ་ལ་གཉིད་སད་སོང། དེ་དུས་ངའི་ཨ་ཅག་གཉིད་སྐྱིད་པོ་ཁུགས་ནས་བསྡད་འདུག ངས་དབྱིན་སྐད་ཀྱི་སྒྲུང་དེབ་ཅིག་འཁྱེར་ནས། ངའི་པཱ་ལགས་དང་ཨ་མ་ལགས་ཀྱི་ཉལ་ཁང་ལ་ཕྱིན་པ་ཡིན། ངས་ཆུ་ཚོད་གཅིག་ཙམ་སྒྲུང་དེབ་ཀློག་པ་ཡིན། ང་སྒྲུང་དེབ་ཀློག་བཞིན་པའི་སྐབས། ངའི་པཱ་ལགས་ཀྱིས་གློག་ཆས་(Ipad)ནང་བོད་ཡིག་དཔེ་ཆ་ཀློག་གི་འདུག་པ་དང། ངའི་ཨ་མ་ལགས་ཞལ་ལག་བཟོས་གནང་གི་འདུག

Saturday, March 21, 2015

དེབ།

                    འཛམ་གླིང་འདི་ཡི་ནང་ལ
                    དེབ་རིགས་མང་པོ་ཡོད་ནའི

                    གོ་ལའི་མི་རིགས་རྣམས་ཀྱིས

                    འཕྲུལ་དེབ་ཅེས་པ་སྤྱོད་དོ


 

དེབ་རྣམས་ཤིང་གིས་བཟོས་ཞིང་།
མེ་དང་ཆུ་ནང་གཡུག་ན།
མྱུར་དུ་འཕྲོ་བརླག་འགྲོ་བས། 
ཤིང་སྡོང་བཅོམ་དང་ཆ་རེད།
                    དེབ་སྒང་ཡི་གེ་སྙན་ངག
                    རྩོམ་སྒྲུང་རི་མོ་བྲིས་ན

                    ཡག་པོ་ཡོད་པའི་མ་ཟད

                    ཤིང་ཡང་འཕྲོ་བརླག་མ་རེད

 


གལ་སྲིད་ཁྱེད་རང་དེབ་རྣམས
མེ་བསྲེགས་བྱེད་ཡ་ཡིན་ན
གོ་ལར་ཡག་པོ་མེད་པས

བསྐྱར་བཟོ་བྱས་ན་ཕན་ཐུབ།། །།

Friday, March 13, 2015

སྙིགས་ཟས།

  ༄༅།། སྙིགས་ཟས་ཞེས་པ་དེ་ནི་ཁ་ལག་ཡིན་ཞིང། དེ་ཁ་ལག་སྡུག་པའི་རིགས་གཅིག་རེད། སྙིགས་ཟས་ཀྱི་ཁ་ལག་རྣམས་གཟུགས་པོར་ཡག་པོ་མེད། རྒྱུ་མཚན་ནི་སྙིགས་ཟས་ནང་ཞགས་ཚིལ་དང། མངར་ཆ། ཚྭ། སོགས་མང་པོ་ཞེ་དྲགས་བླུགས་ཡོད། ད་དུང་སྙིགས་ཟས་མང་པོ་བཟས་ན། མི་ཤ་རྒྱགས་པ་དང། མདོག་ཉེས། ཁ་མང་པོ་སྐོམ་པ། གཅིན་པ་མང་པོ་བྲོ་བ། ན་ཚ་སྡུག་ཅག་དེ་འདྲ་ན་བ་སོགས་ཆགས་ཀྱིས་རེད།

Sunday, January 25, 2015

མཐིང་མདོག་རི་བོ་( Blue Mountain )ལ་ཕྱིན་པའི་ཉིན་མོ།

༄༅།། དེ་རིང་ནི་ཉིན་མོ་དམིགས་བསལ་ཞིག་ཡིན། ག་རེ་བྱེད་ནས་ཡིན་ཟེར་ན། ང་ཚོ་དེ་རིང་མཐིང་མདོག་རི་བོ་ལ་འགྲོ་ཡ་རེད། བྱས་ཙང་ང་དང། ངའི་ནང་མི་རྣམས་ཞོགས་པ་སྔ་པོར་ཡར་ལངས་པ་ཡིན། དེ་རྗེས་ང་དང། ངའི་ནང་མི་རྣམས། ལམ་ཁ་ལ་འགྲོ་སྟངས་དེ་ཚོ་དྲ་རྒྱའི་ནང་བལྟས་པ་ཡིན།

Thursday, January 15, 2015

ང་ཚོའི་ནང་གི་ཐང་ག།

༄༅།། ཐང་ག་ནི་བོད་པ་དང་ནང་པར་དངོས་པོ་གལ་ཆེན་པོ་ཞིག་ཡིན། ཐང་གའི་ནང་ ནང་པས་དད་པ་ཞུ་སའི་ལྷ་དང་མི་རྣམས་ཀྱི་གཟུགས་དཔར་ཡོད། ཐང་ག་ལ་རིགས་གཉིས་ཡོད། རིགས་དེ་གཉིས་ནི། ཐང་ག་བྲིས་མ་དང། ཐང་ག་འཚེམས་དྲུབས་ཡིན། ཐང་ག་བྲིས་མ་ནི། ལག་པས་རི་མོ་བྲིས་པ་ཞིག་ཡིན་པ་དང། འཚེམས་དྲུབས་དེ། འཚེམས་བུ་བརྒྱབ་ནས་བཟོས་པ་རེད། དེང་སང་ཐང་ག་ཁ་ཤས་དཔར་བརྒྱབ་ནས་བཟོས་པ་ཡང་འདུག།

Friday, January 9, 2015

ཨོ་སོ་ཊི་ཡིའི་གནམ་གཤིས།

༄༅།། ཨོ་སོ་ཊི་ལ་ཡ་ནི་གླིང་ཆེན་ཞིག་ཡིན་ལ། རྒྱལ་ཁབ་དེ་ནི་གླིང་ཆེན་སྐམ་ཤོས་ཀྱང་ཡིན། ཨོ་སོ་ཊི་ལ་ཡ་དེ་འཛམ་གླིང་གི། ལྷོ་ཡི་ཕྱོགས་ལ་ཡོད། དེའི་ནམ་དུས་བཞི་ནི་རྒྱལ་ཁབ་གཞན་དང་མི་འདྲ་བ་ཡིན། དཔེར་ན། རྒྱ་གར་ལ་དགུན་ཁ་ཤར་དུས། ཨོ་སོ་ཊི་ལ་ཡ་ལ་དབྱར་ཁ་ཡིན། ད་དུང་ཨོ་སོ་ཊི་ལ་ཡ་ནང་རི་ལ་མ་ཏོག། གངས་བབས་པ་ཁག་པོ་རེད།

Monday, January 5, 2015

ཉིན་ཐོ། ༢༠༡༤།༡༢།༤


༄༅།། དེ་རིང་གི་ཉིན་མོ་ནི་ངའི་ཕྱི་ཟླ་དང་པོའི་ཉིན་མ་སྐྱིད་ཤོས་ཤིག་ཡིན། ཉིན་མ་དེ་ནང་ང་དང་ངའི་ནང་མི་ཞོགས་ཇ་བཟས། དེ་རྗེས་ཞོགས་པའི་དུས་ཚོད་རྣམས་སློབ་སྦྱོང་ལ་བཏང་པ་ཡིན། དུས་ཚོད་དེ་ནང་ངས་དབྱིན་སྐད་ནང་རྩོམ་ཞིག་བྲིས། དེ་ནས་སྒྲུང་དེབ་ཀློག་ནས་བསྡད་པ་ཡིན།

Thursday, January 1, 2015

ཨོ་སེ་ཊི་ལི་ཡའི་ཕྱི་ལོའི་གནམ་གང་གི་ཉིན་ཐོ།

༄༅།། ཆུ་ཚོད་ ༢ པ་ལ་ང་དང་ངའི་ནང་མི་རྣམས་ཕྱི་ལོའི་ལོ་ ༢༠༡༤ ལོའི་ཟླ་ ༡༢ ཀྱི་ཚེས་ ༣༡ ཉིན་རྒྱབ་གནམ་གང་གི་ཤོག་སྦག་ལ་བལྟ་བར་ཕྱིན་པ་ཡིན། ང་ཚོ་མ་ཕྱིན་གོང་ཨ་མ་ལགས་དང་ངས་( Cake )བག་ལེབ་མངར་མོ་ཞིག་བཟོས་པ་ཡིན། ང་ཚོས་དཔར་ཆས་དང། གདན། རྔན་པ། ཁ་ལག སྒྲུང་དེབ། སྟོད་ཐུང་སོགས་དགོས་མཁོ་རྣམས་འཁྱེར་པ་ཡིན། ང་ཚོའི་མཉམ་དུ་ངའི་པཱ་ལགས་ཀྱི་སྤུན་མཆེད་ཁྱིམ་ཚང་གཉིས་མཉམ་དུ་ཕེབས་གནང་སོང།

Wednesday, December 24, 2014

ཨོ་སོ་ཊི་རི་ལ་ཡའི་རྩི་ཤིང་དང་སེམས་ཅན།

༄༅།།  ཨོ་སོ་ཊི་རི་ལ་ཡ་ནི་རྒྱལ་ཁབ་ཡ་མཚན་ཆེ་ཞིང། དེའི་ནང། སེམས་ཅན་དང་རྩི་ཤིང་རྒྱལ་ཁབ་གཞན་ལ་མེད་པ་མང་པོ་ཡོད། ཡིན་ནའི་ཨོ་སོ་ཊི་རི་ཡ་ནི་རྒྱལ་ཁབ་ཚ་བ་ཆེན་པོའི་གྲལ་ཡིན་པ་མ་ཟད། བཞི་ཆ་གསུམ་བྱེ་ཐང་རེད། ད་དུང་། ཨོ་སོ་ཊི་རི་ལ་ཡི་ཤིང་ནགས་མང་ཆེ་བ་ལུང་པ་གཞན་དབྱིན་ཡུལ་སོགས་ཀྱིས་བཏུབ་ཡོད་པ་རེད། ཨོ་སོ་ཊི་རི་ལ་ཡའི་ནང་ཤིང་སྡོང་རིགས་མང་པོ་ཡོད། དཔེར་ན། sand palm, ghost tree, gum tree སོགས་མང་པོ་ཡོད།

Friday, November 21, 2014

ཤིང་ཁང་དང་པོ། ལེའུ་དང་པོ།


༄༅།། སྔོན་ཉིན་མ་གཅིག་བུ་གཉིས་དང་བུ་མོ་གཅིག་མཚོ་ཇག་ཤིང་སྒོ་ཡི་གྲུ་གཟིངས་ ནང་ལ་ཡོད། ཁོ་ཚོ་གསུམ་མཚོ་ཇག་གིས་བཟུངས་ཡོད་པ་རེད། ཉིན་དེའི་དགོང་མོ་ཁོ་ཚོ་གསུམ་སྐད་ཆ་བཤད་པ་རེད། ཁོ་ཚོ་དེར་གང་འདྲ་བྱེད་ནས་སླེབས་ཡོད་མེད་སྐད་ཆ་བཤད་པ་རེད། དང་པོ་བུ་བཀྲ་ཤིས་ཀྱིས་བཤད།

Sunday, November 9, 2014

དམག །

༄༅།། དམག་ཟེར་ན་ས་ཆ་གང་རུང་ཞིག་གི་མི་མང་པོས་ཕར་ཚུར་གཉིས་མཉམ་དུ་མཚོན་ཆས་ཕན་ཚུན་འཛིངས་ནས་བསད་རེས་བྱེད་པ་ལ་དམག་ཟེར། དམག་ལ་རིགས་མང་པོ་ཡོད། དཔེར་ན། མཚོ་དམག་དང། ས་དམག། གནམ་དམག་སོགས་ཡིན། འཛམ་གླིང་ནང་ གི་དམག་སྐད་གྲགས་ཆེ་ཤོས་གསུམ་ཡོད། དེ་རྣམས་ནི་དམག་ཆེན་དང་པོ་དང་། དམག་ཆེན་གཉིས་པ། ཨ་མི་རི་ཁའི་ནང་འཁྲུག་གི་དམག་བཅས་ཡིན།

Friday, October 31, 2014

ཞི་མི་སེང་ཕྲུག། ལེའུ་དང་པོ།

༄༅།། སྔོན་གྲོང་ཁྱེར་ཞིག་ནང་ཞི་མི་མིང་སེང་ཕྲུག་དང་ཙི་ཙི་མདང་མོ། ཁྱི་རིང་ཐུང་ཞེས་པ་ཞིག་ཡོད། ཉིན་གཅིག་ཙི་ཙི་མདང་མོ་དེས་ཞི་མི་ལ་འགྱུར་འདོད་བྱེད་ཀྱི་ཡོད་ཀྱང། ཙི་ཅི་གཞན་རྣམས་ཀྱིས་ཁོ་རང་གི་དམིགས་ཡུལ་དེ་སྒྲུབ་ཐབས་མེད་ཅེས། ཚང་མས་ལབ་ཀྱི་ཡོད། དེ་ནས་ཙི་ཙི་མདང་མོ་རང་སྡོད་སའི་ས་ཆ་ལ་ཞི་མི་སེང་ཕྲུག་སྐད་བཏང་ནས་སྐད་ཆ་དེ་དྲིས་པ་རེད། ཞི་མི་སེང་ཕྲུག་་ཙི་ཙི་མ་བཟའ་མཁན་ཡིན་ཞིང་ཁྱེད་རང་ཙི་ཙི་ཡིང་ཙང་ཙི་ཙི་རང་ལ་བསྡད་པ་མ་བཏོགས་ཞི་མིར་འགྱུར་ཐུབ་ཀྱི་མ་རེད་ལབ། ཡིན་ཡང་ཙི་ཙི་མདང་མོས་མ་ཉན་པར་མེ་འཁོར་ལྕགས་ལམ་ཡོད་སར་ཕྱིན་པ་རེད།

Friday, October 24, 2014

ཨོ་སོ་ཊི་རི་ཡའི་་དཔྱིད་ཀའི་གནམ་གཤིས།

༄༅།། འཛམ་བུ་གླིང་གི་ནང་ལ་གླིང་ཆེན་རེ་རེར་གནམ་གཤིས་འདྲ་མིན་ཡོད་ཅིང་ དེང་སང་རྒྱལ་ཁབ་ཨོ་སོ་ཊི་ལ་ཡའི་ནང་གནམ་གཤིས་ཚ་ལ་ཉི་འོད་ཆེ་བས། མི་ཚང་མ་དུག་ ལོག་སྲབ་སྲབ་གྱོན་གྱི་འདུག དེ་སང་ནམ་རྒྱུན་དང་མ་འདྲ་བར་མི་མང་ཆེ་བས་ལུས་རྩལ་ལ་ རྐང་འཁོར་སོགས་མང་པོ་བེད་སྤྱོད་བྱེད་ཀྱི་འདུག དེ་འདྲ་ཡིན་ཙང་ང་ཚོས་ཀྱང་(cook river) གཡས་གཡོན་ལ་རྐང་འཁོར་བཏང་པ་ཡིན། དེང་སང་ང་ཚོའི་ས་གནས་ལ་ནམ་སྔོན་ལས་སྔ་བ་ལངས་པ་མ་ཟད་ཕྱི་པོར་ཉི་མ་བཞུད་ཀྱི་འདུག

Friday, October 3, 2014

རྒྱལ་ཁབ་ཨོ་སོ་ཊི་རི་ལ་ཡའི་རྒྱལ་ས་ཁན་བ་ར་ཕྱིན་པའི་ཉིན་མོ། ཉིན་དང་པོ།




ཉིན་དང་པོ།


རྒྱལ་ས་ཁན་བ་ར་ཡི་ཡུལ་ལྗོངས
༄༅།། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་༢༥ ཉིན་གྱི་ཞོགས་པ་ཆུ་ཚོད་ལྔ་དང་ཕྱེད་ཀར་ངའི་ནང་ མི་ཚང་མ་ཡར་ལངས་ནས་རྒྱལ་ས་( Canbarra ) ཁན་བ་ར་འགྲོ་རྩིས་བྱེད་ཀྱི་ཡོད། གང་ཙམ་རྗེས་ངའི་ཨ་ཁུ་ལུང་རྟོགས་ལགས་ཕེབས་གནང་སོང་པས་ང་ཚོས་ཅ་ལག་རྣམས་ངའི་ཨ་ཁུའི་མོ་ཊའི་ནང་བཞག་པ་ཡིན། དེ་ནས་ང་ཚོ་མོ་ཊའི་ནང་འཛུལ་ནས་ཁན་བ་ར་ལ་ ཕྱིན་པ་ཡིན། ང་ཚོ་མ་སླེབས་གོང་ལ་ང་དང་ངའི་ཨ་ཅག་གཉིས་མོ་ཊའི་ནང་ལམ་བར་ལ་ གཉིད་ཁུག་པ་ཡིན།

   ཆུ་ཚོད་༧ པ་ཙམ་གྱི་གཡས་གཡོན་ལ་ང་ཚོ་ (Resting Area) ཉལ་གསོ་བརྒྱབ་སའི་ ས་ཆ་དམིགས་བསལ་ཞིག་ལ་ཞོགས་ཇ་ཞིམ་པོ་ཞིག་བཏུང་པ་ཡིན།

Monday, September 22, 2014

ཉིན་ཐོ།

༄༅།། དེ་རིང་གི་ཉིན་མོ་དེ་ནི་དམིགས་བསལ་ཞིག་ཡིན་ཞིང་དེ་ནི་ངའི་ནང་མི་ཚང་མ་དང་ང་ཚོའི་གྲོང་པ་བཅས་ཕྱི་ཡི་རྒྱལ་ཁབ་ཨོ་སི་ཊི་ལི་ཡ་ཞེས་པ་དེར་འགྲོ་རྩིས་བྱེད་ཀྱི་ཡོད། ང་དང་ངའི་ནང་མི་ཚང་མས་ཞོགས་པ་སྔ་པོ་ནས་ལངས་ཏེ་་ལྟོད་ཕད་ཆེན་པོ་ཆེན་པོ་མང་པོ་ཞིག་རླངས་འཁོར་ནང་འཁྱེར་པ་དང་ཆབས་གཅིག་ང་ཚོའི་དགའ་ཉེ་ཚོར་ག་ལེར་བཞུགས་ཞུས་ཏེ་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ཁོངས་གཏོགས་བཞུགས་སྒར་རྡ་རམ་ས་ལ་ནས་དགའ་སྐྱོ་གཉིས་ལྡན་ངང་ཐོན་པ་ཡིན། ང་ཚོ་མོ་ཊའི་ནང་ཕྱིན་མ་ཐག་ཞོགས་པ་སྔ་པོ་ཡིན་ཙང་ང་གཉིད་ཤོར་འདུག

   ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་ལ་ང་ཚོ་ཟ་ཁང་ཞིག་ལ་མོ་ཊ་བཀག་ནས་ཞོགས་ཇ་བཟས་ཡིན། ཞོགས་ཇར་རྒྱ་གར་གྱི་ཞོགས་ཁོག་བག་ལེབ་དང་ཇ་མངར་མོ་བཏུང་པ་ཡིན། དེ་རྗེས་ང་ཚོ་མོ་ཊའི་ནང་རྒྱུན་རིང་པོ་ཕྱིན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡི་མན་ཇུ་ཊི་ལར་སླེབས་སོང་། དེར་ང་ཚོས་སྔོན་ནས་གླས་ཟིན་པའི་མགྲོན་ཁང་ནང་དངོས་པོ་རྣམས་མི་གཉིས་གླས་ཏེ་དབོར། དེ་ནས་ང་ཚོས་ཉོ་ཆ་བརྒྱབ་པ་སོགས་བྱས་ནས་ཉིན་བཞི་བསྡད་པ་ཡིན།

Saturday, June 28, 2014

མི་མགོ་ལེབ། ལེའུ་དང་པོ།

༄༅།། སྔོན་གྲོང་ཁྱེར་ཞིག་ཏུ་མི་མགོ་ལེབ་ཅིག་ཡོད། ཉིན་གཅིག་གྲོང་ཁྱེར་དེར་མི་གསར་པ་ཞིག་ལ་མི་མགོ་ལེབ་ཐུག་པ་དང་ཆབས་གཅིག་མི་གསར་པ་དེས་སྦྲགས་ཁང་ལས་ཁུངས་ག་པར་ཡོད་དམ་ཞེས་སྐད་ཆ་དྲིས། མི་མགོ་ལེབ་ཀྱིས་ངའི་ནང་གི་ཕྱོགས་གཞན་དེ་ལ་ཡོད། ཅེས་ལབ་སྐབས་མི་གསར་པས་ཡང་། ཨ་རོགས། ཡང་ན་ཁྱོད་ཀྱི་ནང་ག་པར་ཡོད་དམ་ལབ་པས་མི་མགོ་ལེབ་ཀྱིས་ངའི་ནང་སྦྲགས་ཁང་གི་ཕྱོགས་གཞན་དེ་ལ་ཡོད་ལབ་དུས། མི་གསར་པ་དེ་ཁྲོས་ནས་མི་མགོ་ལེབ་ལ་སྐད་ཤུགས་ཆེན་པོའི་ངང་། ཡང་ན་ཁྱོད་ཀྱི་ནང་དང་སྦྲགས་ཁང་གཉིས་ཀ་ག་པར་ཡོད་དམ་ཞེས་སྐད་ཆ་དྲིས་པས། མི་མགོ་ལེབ་ཀྱིས་དེ་གཉིས་ནི། ཁ་ཕྱོགས་ལྡོག་ཕྱོགས་སུ་གནས་ཡོད་ལབ་ནས་མི་གསར་པ་དེ་དྲན་པ་འཐོར་དགོས་པ་ཞིག་བཟོས།

  དེ་ནས་སྦྱིན་བདག་གི་ནང་དུ་སྦྱིན་བདག་གིས་ཁོར་དབྱིན་སྐད་ཐོག་ Vacuum Cleaner (ཁང་མཐིལ་གྱི་རྡུལ་དང་གད་སྙིགས་རྣམས་བརྔུབས་ནས་ཕྱགས་བྱེད་ཀྱི་འཕྲུལ་ཆས་ཤིག་གི་མིང་རེད།) ཞེས་པ་དེ་འགྲེལ་བཤད་བརྒྱབ། སྦྱིན་བདག་གི་འགྲེལ་བཤད་ནང་གི་བརྗོད་པ་“འཕྲུལ་འཁོར་དེ་ཡིས་ས་དང་ཐལ་ལ་སོགས་འཐེན་གྱི་རེད་”ཅེས་པ་དེ་མི་མགོ་ལེབ་ཀྱིས་ཡག་པོར་ཉན་ནས་སེམས་ལ་བཞག །ཉིན་གཅིག་དགོང་མོར་ཁོ་རང་གི་སྦྱིན་བདག་ལས་ཁུངས་ནས་ནང་དུ་སླེབས་ནས་མི་མགོ་ལེབ་ལ་དུག་སློག་དེ་ཁྲུས། ཞེས་ལབ་དུས། མི་མགོ་ལེབ་ཀྱིས་ཡིན་དང་ཡིན་ཞེས་ལབ་སྟེ་ཕྱིན། སྐར་མ་གཅིག་གི་རྗེས་མི་མགོ་ལེབ་ཀྱིས་སྦྱིན་བདག་གི་དུག་སློག་ལ་(Vacuum Cleaner)ཞེས་པ་དེ་བེད་སྤྱད་དུས་ཁོ་རང་གི་སྦྱིན་བདག་གིས་ག་རེ་བྱེད་ཀྱི་ཡོད་ལབ་པར། ཁྱེད་ཀྱི་དུག་སློག་གཙང་མ་བཟོ་ཡི་ཡོད་ཅེས་མི་མགོ་ལེབ་ཀྱིས་ལབ། གང་འདྲ་བྱེད་ནས་ཞེས་སྦྱིན་བདག་གིས་སྐད་ཆ་དྲིས་སྐབས། ཁ་སང་ཁྱེད་ཀྱིས་འཕྲུལ་ཆས་དེས་ཐལ་བ་དང་དྲག་པ་སོགས་འཐེན་གྱི་རེད་གསུངས་གནང་བྱུང་བས། ངས་དུག་སློག་ལ་འཕྲུལ་ཆས་དེ་བེད་སྤྱོད་བཏང་པ་ཡིན་ཞེས་ལབ་དུས་སྦྱིན་བདག་མགོ་ན་བ་རེད།

  ཉིན་ཤས་རྗེས་དབྱིན་སྐད་ཐོག་ Christmas (ཡི་ཤུའི་འཁྲུངས་སྐར་དུས་ཆེན)ཞེས་པའི་དུས་ཆེན་དེ་རྫོགས་རྗེས་མི་མགོ་ལེབ་ཀྱི་གྲོགས་པོ་དེས་དེ་རིང་ཁྱོད་ལ་(Christmas)ལ་ག་རེ་རག་སོང་། ཞེས་སྐད་ཆ་དྲིས་སྐབས། ཁོས་ཁྱོད་ཀྱིས་ཕྱི་ལོགས་སུ་མོ་ཊ་དམར་པོ་དེ་མཐོང་ངམ་ལབ་དུས། མི་མགོ་ལེབ་ཀྱི་གྲོགས་པོ་དེས། དེ་འདྲའི་རྫིག་པ་ལ་ཞེས་ལབ་སྐབས་མི་མགོ་ལེབ་ཀྱིས་ཁྱོད་ནོར་སོང་། ང་ལ་མོ་ཊ་དེའི་ཚོན་ཁྲ་དང་གཅིག་པ་ཡིན་པའི་སྐེ་འཆིང་ཞིག་རག་སོང་ལབ་པས་མི་མགོ་ལེབ་ཀྱི་གྲོགས་པོ་དེས། ཨ། ག་རེ། ཞེས་ལན་བཏབ་ཏེ་དྲན་པ་འཐོར་གྲབས་བྱས་པ་རེད།། །།

Sunday, May 4, 2014

ཉིན་ཐོ།

༄༅།། ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༦ ཉིན་གྱི་ཞོགས་པ་རེས་གཟའ་སྤེན་པ་ལ་ཨ་མ་ལགས་ཞོགས་པ་ཆུ་ཚོད་ ༦ པར་བཞེངས་པ་དང་ཨ་མ་ལགས་ཀྱིས་ང་ལ་བཞེས་ལག་བག་ལེབ་བཟོས་གནང་སྟེ་ང་ཡར་བསླངས་གནང་སོང། ངས་སྒྲིག་ཆས་གྱོན་ཚར་རྗེས་ཨ་མ་ལགས་ང་གཉིས་ཁ་ལག་བཟས། ང་རྡ་ཤོད་སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར་ནང་དུ་ཕྱིན་ནས་ཆུ་ཚོད་ཕྱེད་ཀའི་རྗེས་སུ་སློབ་གྲྭར་སླེབས་སོང་།

Sunday, April 20, 2014

སྤྱི་སྤྱོད་རླངས་འཁོར།


༄༅།། སྤྱི་སྤྱོད་རླངས་འཁོར་ནི་དེང་སང་མི་མང་པོ་ས་ཆ་གཞན་ནམ་ས་ཆ་ཐག་རིང་པོ་ཞིག་ལ་འགྲོ་ཐུབ་པའི་འཕྲུལ་འཁོར་ཞིག་ཡིན། སྤྱི་སྤྱོད་རླངས་འཁོར་ལ་ཚོན་ཁྲ་མང་པོ་ཡོད་པ་དང་དབྱེ་བ་ཡང་ཁ་ཤས་ཡོད། དཔེར་ན། བདག་པོའི་ཆ་ནས་གཞུང་གི་སྤྱི་སྤྱོད་རླངས་འཁོར་དང་། སྒེར་གྱི་སྤྱི་སྤྱོད་རླངས་འཁོར། ཆེ་ཆུང་གི་ཆ་ནས་སྤྱི་སྤྱོད་རླངས་འཁོར་ཆེན་པོ་དང་ཆུང་ཆུང་། བེད་སྤྱོད་གཏོང་མཁན་གྱི་ཆ་ནས་ལས་ཁུངས་ཀྱི་སྤྱི་སྤྱོད་རླངས་འཁོར་དང་སློབ་ཕྲུག་གི་སྤྱི་སྤྱོད་རླངས་འཁོར་བཅས་ཡིན། 

Sunday, April 6, 2014

ངའི་གྲོགས་པོ་རྙིང་པ་མཉམ་དུ་སློབ་གྲྭ་གཅིག་པ་ཆགས་པའི་ཉིན་མོ།

༄༅།། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༨ ངའི་གྲོགས་པ་རྙིང་པ་དང་ང་སློབ་གྲྭ་གཅིག་པ་ཆགས་སོང། ངའི་གྲོགས་པོ་རྙིང་པ་ནི་ཟིལ་གནོན་དང་ཆོས་རྒྱལ་རེད། གྲོགས་པོ་རྙིང་པ་དེ་གཉིས་ང་དང་ད་ཆ་སྤྱི་སྤྱོད་རླངས་འཁོར་གཅིག་པ་ཡིན་པ་མ་ཟད་ངའི་གྲོགས་པོ་ཟིལ་གནོན་ནི་ངའི་འབྲི་ཅོག་ཅིག་པ་ཡང་རེད། ཡིན་ཡང་ངའི་གྲོགས་པོ་ཆོས་རྒྱལ་ད་ལྟ་འཛིན་གྲྭ་ལྔ་པ་ཡིན་ཙང་འཛིན་གྲྭ་གཅིག་པ་འཁེལ་མ་སོང་། 

Monday, March 10, 2014

འཚོ་བྱེད་ཀྱི་ཆུ། སྨད་ཆ།

  བུ་དོན་ལྡན་གྱིས་རང་གི་གཅེན་པོ་གཉིས་ཐུག་སྐབས་དགའ་སྤྲོ་ཆེན་པོས་འཚོ་བྱེད་ཀྱི་ཆུ་གང་འདྲ་བྱས་ནས་ལེན་ཐུབ་པ་དང་། ལྷ་མོ་ཞིག་མཉམ་དུ་ཆང་ས་རྒྱབ་རྒྱུ་ཡིན་པའི་སྐོར་ཆ་ཚང་བཤད། ཁོ་ཚོ་རང་གི་རྒྱལ་ཁབ་ཏུ་ལོག་འགྲོ་དུས། རྒྱལ་ཁབ་གཉིས་ཕན་ཚུན་འཐབ་བཞིན་ཡོད་པ་མཐོང་དུས་བུ་དོན་ལྡན་གྱིས་ལམ་སེང་གྲི་ལ་སྨོན་ལམ་བཏབ་པས་དམག་ཞི་བར་འགྱུར་པ་རེད། ཉིན་ཤས་རྗེས་ཁོ་ཚོ་གསུམ་ལུང་པ་སྐྱོ་པོ་ཞིག་ནང་སླེབས་སྐབས་མི་ཚང་མར་ཟ་རྒྱུ་མེད་པར་ལྟོགས་ཤི་ཐེབས་འགྲོ་ཡི་ཡོད་པ་མཐོང་དུས། བུ་དོན་ལྡན་གྱིས་བག་ལེབ་དེ་མར་བཏོན་ནས་སྨོན་ལམ་ཞིག་བརྒྱབ་པས་མུ་གེ་ཐེབས་པའི་ལུང་པ་དེར་མི་ཚང་མར་ཟས་རིགས་ལྡང་ངེས་བྱུང་ནས་མི་གཅིག་ཀྱང་ལྟོགས་པར་ལུས་མེད་པ་རེད།

Saturday, March 1, 2014

བཙུན་དགོན་སྒྲོལ་མ་གླིང་།

༄༅།། སྒྲོལ་མ་གླིང་ནི་གངས་སྐྱིད་ནས་ཀི་ལོ་མི་ཊར་༡༥ལྷག་ཙམ་གྱི་སར་ཆགས་ཡོད། དེའི་ཉེ་འགྲམ་ལ་བོད་ཀྱི་ནོར་བུ་གླིང་ཁ་གཉིས་པ་དེ་ཡང་ཡོད། སྒྲོལ་མ་གླིང་ནི་ཨ་ནེ་སློབ་གཉེར་གནང་ས་དང་བཞུགས་ས་ཡིན། དེའི་ནང་ལ་ཨ་ནེའི་ཉིས་བརྒྱ་ལྷག་ཙམ་ཡོད། སྒྲོལ་མ་གླིང་ནི་ཆེན་པོ་ཞེ་དྲགས་ཡོད་པ་དང་གཡས་གཡོན་ཚང་མ་ཧ་ཅང་གཙང་ལ་ཨ་ནེ་ཤག་རྣམས་བཟོ་བཀོད་ཧ་ཅང་ལེགས་པོ་འདུག
 

 སྒྲོལ་མ་གླིང་གི་ཆོས་རྭའི་ནང་ལ་འཇམ་དཔལ་དབྱངས་ཀྱི་སྐུ་འདྲ་ཆེན་པོ་ཞིག་འདུག དེའི་གཡས་གཡོན་གྱི་ཡུལ་ལྗོངས་ནི་སྙིང་རྗེ་མོ་ཞེ་དྲགས་འདུག དེ་ལ་སྤང་ལྗོངས་ཡོད་པ་དང་དེའི་འཁྲིས་ལ་བུ་བཅོལ་ཁང་སོགས་འདུག ས་འཁོད་སྙོམས་པོ་མེད་ཀྱང་མཆོད་རྭ་དང་རྡོ་བཀྱག་སོགས་བཟོ་བཀོད་མཛེས་པོ་བྱས་འདུག
 

Saturday, February 15, 2014

འཚོ་བྱེད་ཀྱི་ཆུ། སྟོད་ཆ།

༄༅།། སྔོན་རྒྱལ་པོ་སེར་ཆེན་ཞེས་པ་ལ་ཕྲུ་གུ་གསུམ་ཡོད། ཕྲུ་གུ་གསུམ་མིང་ལས་ཆེ་ཤོས་བུ་དོན་གྲུབ་དང་། འབྲིང་བ་བུ་བཀྲ་ཤིས། ཆུང་ཤོས་དེ་ལ་བུ་དོན་ལྡན་ཟེར། ཉིན་གཅིག་རྒྱལ་པོ་སེར་ཆེན་བསྙུང་ནས་ཁོ་རང་གི་བུ་གསུམ་ལ་ངས་བྱས་ན་ད་ང་རྒྱུན་རིང་པོ་བསྡད་ཐུབ་པ་མི་འདུག་ཅེས་ལབ་པར་བརྟེན། ཁོ་ཚོ་གསུམ་ཤིང་ནགས་ནང་པཱ་ལགས་མ་གྲོངས་པའི་ཆེད་སྨན་ཡོད་དམ་ཞེས་ལབ་གླེང་བྱེད་སྐབས། གློ་བུར་དུ་སྤོ་ལགས་གཅིག་གིས་ཁོ་ཚོའི་སྐད་ཆ་ཐོས་པས། ཁོ་ཚོ་གསུམ་ལ་ཁྱེད་རང་ཚོའི་པཱ་ལགས་བསྐྱབ་ཐུབ་པའི་སྨན་ཡོད། ཡིན་ཡང་དེ་ཐག་རིང་པོ་ཞེ་དྲགས་ཡོད་རེད་ཅེས་ལབ་དུས། ཁོ་ཚོ་གསུམ་མགྱོགས་མྱུར་ངང་རྒྱལ་ཁང་ནང་ཕྱིན་ཏེ་བུ་དོན་གྲུབ་ཀྱིས་པཱ་ལགས་ལ་ངས་འཚོ་བྱེད་ཀྱི་ཆུ་དེ་ལེན་པར་འགྲོ་རྒྱུ་ཡིན་ལབ་དུས་པཱ་ལགས་ཀྱིས་བུ་མ་འགྲོ། ལམ་ཁ་ཞེད་སྣང་ཚ་པོ་ཡོད་པ་དང་ཐག་རིང་པོ་ཡོད་པས། ང་ཤི་ཚར་རྗེས་རྒྱལ་པོ་སུས་བྱེད་དམ་ལབ་ཀྱང་བུ་དོན་གྲུབ་ཀྱིས་མ་ཉན་པར་ཕྱིན།

Saturday, February 8, 2014

རྒྱལ་པོ་དབང་ཕྱུག་དོན་ལྡན་དང་བློན་པོ་རིག་ལྡན།

༄༅།། སྔོན་ལུང་པ་ཞིག་ལ་རྒྱལ་པོ་དབང་ཕྱུག་དོན་ལྡན་ཟེར་བ་ཞིག་ལ། བློན་པོ་རིག་ལྡན་ཟེར་བ་ཞིག་ཡོད། ཉིན་ཞིག་རྒྱལ་པོ་ཕྱི་ལ་རི་མོ་འབྲི་བར་ཕྱིན། རྒྱལ་པོས་རི་མོ་བྲིས་ཚར་རྗེས་དེ་ལ་ཐག་རིང་པོ་ནས་བལྟ་དྲན་ཏེ། གོམ་པ་རྒྱབ་བཤིག་རྒྱག་གིན་འགྲོ་དུས། ཧོབ་སྟེ་བློན་པོ་རིག་ལྡན་གྱིས་རྒྱལ་པོའི་རི་མོ་ལ་རྡོ་གཞུས། རྒྱལ་པོ་ཁྲོས་ནས་ཁྱོད་ཀྱིས་ག་རེ་བྱས་ནས་ངའི་རི་མོ་ལ་རྡོ་གཞུས་པ་ཡིན་ཞེས་དྲིས། བློན་རིག་ལྡན་གྱིས། ཁྱེད་རྒྱབ་ལ་གཟིགས་དང་ཞུས། རྒྱབ་ལ་ལྟ་དུས་རྒྱལ་པོས་རྒྱབ་ལ་གོམ་པ་གཅིག་སྤོས་ན་རང་ཉིད་གཡང་སར་ལྷུང་ནས་ཤི་རྒྱུ་ཡིན་པ་གཟིགས་ཏེ་བློན་པོ་རིག་ལྡན་ལ་གསེར་ཀི་ལོ་གཅིག་གནང་།

Tuesday, January 28, 2014

དགུན་དུས་ཀྱི་རྡ་ས།

གླིང་སྐོར་ལམ་ནས་བརྒྱབ།
༄༅།། དགུན་དུས་ཀྱི་རྡ་སར་སྐབས་རེ་ཚ་བ་ཆེ། སྐབས་རེ་དྲག་ཆར་བབས་པ། ཡང་མཚམས་མཚམས་ལ་རླུང་འཚུབ་བརྒྱབ་པ་དང་སེ་ར་བབས་པ། སྨུག་པ་འཐིབས་པ་སོགས་བྱེད་ཀྱི་འདུག ཡིན་ཡང་ད་ལོའི་དགུན་ཁའི་རྡ་སའི་གནམ་གཤིས་དེ་མགོ་ཚོད་རྒྱུ་མེད་པ་ཞིག་རེད་འདུག གང་ཡིན་ཟེར་ན་ཆར་སྤྲིན་་ནག་པོ་མཐུག་པོ་ཡོད་ཀྱང་ཆར་པ་ཡག་པོ་ཞིག་གཏན་ནས་བབས་ཐུབ་ཀྱི་མི་འདུག ཁྲོམ་ལ་ཚལ་ལྗང་ཁུའི་རིགས་འབེལ་པོ་ཡོད་སྟབས་ཚལ་རྙིང་པ་ཆགས་ཀྱི་འདུག དགུན་དུས་ཀྱི་རྡ་ས་ལ་རྩྭ་ལྡུམ་གྱི་རིགས་མང་པོ་མཐོང་རྒྱུ་མེད་པར་ཆགས་པ་དང་འབུ་སྲིན་དེ་ཚོ་ཡང་དགུན་ཉལ་བྱེད་ཀྱི་འདུག

 

Friday, January 24, 2014

མི་སྐྱོ་པོ་ཞིག་ཕྱུག་པོར་འགྱུར་པ།

༄༅།། སྔོན་མེག་ལོར་ཞེས་པའི་ལུང་པ་ཞིག་ནང་མི་ཐབས་སྡུག་ཟེར་མཁན་ཞིག་ཡོད། ཁོ་ནི་སྐྱོ་པོ་ཞེ་དྲགས་ཡིན། ཉིན་ཅིག་ཐབས་སྡུག་འཆམ་འཆམ་ལ་ཕྱིན་སྐབས་ཁོ་ལ་ཐབས་ཤེས་ཤིག་བརྙེད་ནས་ལམ་སེང་རྒྱལ་ཁང་ནང་ཕྱིན། རྒྱལ་པོའི་འབྲུ་རིགས་བང་མཛོད་ནང་འཛུལ་ནས་འབྲས་ཀི་ལོ་༩དང་གྲོ་ཞིབ་ཀི་ལོ་༡༠ སྲན་མ་རྡལ་གྱི་རིགས་ཀི་ལོ་༡༣ བྱེ་མ་ཀ་ར་ཀི་ལོ་༡༤བཅས་བརྐུས་ཏེ་རྒྱུག་ཆུའི་འགྲམ་ལ་ཁུང་པོ་ཆེན་པོ་ཞིག་དྲུས་ནས་འབྲུ་རིགས་རྣམས་བླུགས་ཏེ། དང་པོ་རྩྭ་མང་པོ་ཞེ་དྲགས་བཀང། དེ་ནས་དེའི་སྒང་ལ་སས་བཀབ་བཞག་པ་རེད། དེ་ལྟར་བྱས་རྗེས། ཁོས་རྒྱལ་པོ་ག་རེ་བྱེད་མིན་ལྟ་ཆེད་ཉིན་གསུམ་བསྒུགས། 

Thursday, December 19, 2013

ཁང་པ།

༄༅།། གོ་ལ་འདི་ཡི་ནང་ལ།                     


      ཁང་པ་མང་པོ་ཞེ་དྲགས།

      གྲངས་ཀ་རྩིས་ཚར་མེད་པ།

      ཁང་པ་འདྲ་མིན་སྣ་ཚོགས།


      ཁ་ཤས་རྩྭ་ཡི་ཁང་པ།

      འགའ་ཤས་རྡོ་ཡི་ཁང་པ།

      ལ་ལ་ཤིང་གི་ཁང་པ་།

      དེང་སང་ས་ཕག་ཁང་པ།

       སྔ་མོའི་ཁང་པ་དེ་ནི།

       བྲག་ཕུག་ནང་ལ་བསྡད་རྒྱུ།

           

                       དེང་སང་ཁང་པ་ཆེན་པོ།

                       མི་མང་མང་པོ་ཤོང་ཡང།

                       སྲོག་ལ་ཉེན་ཁ་ཆེན་པོ།

                       དེ་ལས་ཁང་པ་ཆུང་ཆུང།

                                                   ཉེན་ཁ་ཆུང་ལ་སྐྱིད་པོ།

                                                  ཡིན་ཡང་ཆུ་ལོག་སྐབས་སུ།                                      
                                                  ཁང་པ་ལམ་སེང་གཏོར་ཉེན།

       འཛམ་གླིང་དེ་ཡི་ནང་དུ།                  



       རྒྱལ་ཁབ་མང་པོ་ཞེ་དྲགས།

་       སོ་སོའི་ལུགས་སྲོལ་ཁང་པ་།

         ད་དུང་དགོན་པ་རྣམས་དང།

         ཟ་ཁང་མགྲོན་ཁང་སོགས་ནི།

         ཁང་པའི་རིགས་སོགས་ཡིན་ནོ།

         ང་ཡི་ཁང་པ་ཆུང་ཡང་།

         སྐྱིད་པོ་ཞེ་དྲགས་འདུག་གོ།། །།

Thursday, November 14, 2013

ངའི་གངས་སྐྱིད་དཔེ་སྟོན་སློབ་གྲྭའི་བྱིས་པའི་ཉིན་མོ་མཐའ་མ།

༄༅།། ངའི་གངས་སྐྱིད་དཔེ་སྟོན་སློབ་གྲྭའི་བྱིས་པའི་ཉིན་མོ་མཐའ་མ་ནི། ཕྱི་ལོ་༢༠༡༣ཟླ་༡༡ཚེས་༡༤ཉིན་ཡིན། དེ་རིང་ཞོགས་པ་ང་ཆུ་ཚོད་༧་དང་ཕྱེད་ཀ་ཙམ་ལ་ལངས་ནས་ཐག་མཆོང་རྩེས་པ་ཡིན། དེ་ནས་ཨ་མ་ལགས་ཀྱིས་ངའི་གཟུགས་པོ་བཀྲུས་པ་དང་ང་ལ་དུག་སློག་གསར་པ་ཡང་གཡོག་གནང་བྱུང། ང་སློབ་གྲྭར་ཕྱིན་དུས་ཕྲུ་གུ་མང་ཆེ་བས་གློག་གི་རྩེད་ཆས་འཁྱེར་པ་མ་ཟད་ཁ་ཤས་ཀྱིས་ Roller skating ལ་སོགས་པ་དང་རྔན་པ་ཡང་མང་པོ་འཁྱེར་འདུག ངས་ཀྱང་རྔན་པ་དང་གློག་གི་རྩེད་ཆས་འཁྱེར་ཡོད། ང་འཛིན་གྲྭའི་ནང་སླེབས་སྐབས་ཕྲུ་གུ་མང་ཆེ་བས་ང་ལ་གློག་གི་རྩེད་ཆས་འཁྱེར་ཡོད་དམ་ཞེས་ལབ་དུས། ངས་འཁྱེར་ཡོད་ལབ་པ་དང་ཆབས་ཅིག་རྩེད་མོ་ཏོག་ཙམ་རྩེས་པ་ཡིན། ཕྲུ་གུ་ཁ་ཤས་ཀྱིས་གློག་གི་རྩེད་ཆས་རིགས། Ds དང་ psp, game boy ལ་སོགས་པ་འཁྱེར་འདུག

   ཆུ་ཚོད་༩པ་ཙམ་ལ་རྒན་ལགས་ཀྱིས་སློབ་ཕྲུག་ཚང་མ་སྒང་ལ་ཕེབས་གསུངས་སོང། ང་ཚོ་སྒང་ལ་ཕྱིན་ཏེ་རྒན་ལགས་རྣམས་ཀྱི་འཁྲབ་སྟོན་ལ་བལྟས་པ་ཡིན། རྒན་ལགས་ཚོས་སེམས་ཅན་འབྲོང་དང་གཡག བྱི་ལ་དོམ། དོམ་ནག་དང་དོམ་དཀར། ནེ་ཙོ། ལུག སྟག སྤྲེའུ། ཝ་མོ། རི་བོང། ཤ་བ། ཤ་ཁྲ་སྐེ་རིང། ཕག་པ། ཞི་མི། མི་རྒོད་སོགས་ཀྱི་འབག་དང་ཆས་གྱོན་སེམས་ཅན་མངོན་སུམ་ནང་བཞིན་གྱོན་གནང་འདུག ལྡིང་ཆ་དང་སློབ་གྲྭའི་ཐང་ཡོང་རྫོགས་ཤིང་ནགས་འདྲ་པོ་བཟོས་འདུག ཐོག་མར་རྒན་ལགས་ཚང་མ་སྡིངས་ཆའི་སྒང་ལ་ཕེབས་ནས་ང་ཚོ་མཉམ་དུ་རྒྱལ་གླུ་བཏང་པ་དང་བོད་ཀྱི་དཔའ་བོ་དཔའ་མོ་ལ་མྱ་ངན་གུད་འདུད་ཞུས་སོང།

Tuesday, November 5, 2013

བུ་གླེན་པ།

༄༅།། སྔོན་གྲོང་ཚོ་ཞིག་གི་ནང་བུ་གླེན་པ་ཞིག་དང་ཁོའི་སེམས་ཅན་ལུག་དང་ཁྱི། བ་ཕྱུགས་བཅས་ཡོད། ཉིན་ཅིག་བུ་གླེན་པས་ལུག་དང་ཁྱི། བ་ཕྱུགས་རྩ་ཐང་ཞིག་ལ་འཁྲིད་པ་རེད། ལུག་དང་བ་ཕྱུགས་གཉིས་རྩྭ་ཞིམ་མདོག་ཁ་པོའི་ངང་བཟའ་ནས་བསྡད་ན་ཡང་། ཁྱིས་རྩྭ་གང་ཡང་བཟའ་ཡི་མེད། བུ་གླེན་པས་ཁྱིས་རྩྭ་བཟའ་ཡི་མེད་པ་མཐོང་དུས་ཁོསེམས་ཁྲལ་དང་དངངས་སྐྲག་ལངས་ཏེ་གྲོང་པ་དེ་ཚོ་ལ་སྐད་ཆ་དྲིས། གྲོང་པ་ཚོས་ཁྱི་ཡིས་ཤ་དང་རུས་ཁོག་བཟའ་ཡི་རེད་ལབ་དུས་ཁོའི་སེམས་ནང་ངའི་ནང་ལ་ཤ་དང་རུས་ཁོག་གཅིག་ཀྱང་མེད། ང་ལ་ཤ་དང་རུས་ཁོག་གང་ནས་བྱུང་ངམ་བསམ་དུས་ཁོ་རང་གི་ལུག་དེ་ལ་ལུག་ཕྲུག་འཁོར་ཡོད་ཀྱང་བསད་དེ་ཤ་ཏོག་ཙམ་ཏོག་ཙམ་ཁྱི་ལ་སྤྲད་པ་རེད།

Sunday, October 27, 2013

དུས་ཚོད་མང་ཤོས་འཕྲོ་བརླག་ཕྱིན་པའི་ཉིན་མོ།

༄༅།། ངའི་དུས་ཚོད་མང་ཤོས་འཕྲོ་བརླག་ཕྱིན་པའི་ཉིན་མོ་ནི་ཕྱི་ལོ་༢༠༡༣ཕྱི་ཟླ་༡༠པའི་ཚེས་༢༣གྱི་གཟའ་ལྷག་པ་དེ་ཡིན། གང་འདྲ་བྱས་ནས་ཟེར་ན། དེ་ཉིན་ངས་ཞོགས་པ་ཆུ་ཚོད་ ༨ པ་ཙམ་ལ་ལངས་པ་ཡིན། ང་ཞོགས་ཟས་ཞིག་བཟའ་པར་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་འགོར་སོང། ཨ་མ་ལགས་ང་གཉིས་མེག་ལོར་ལ་བོད་ནས་བསྐུར་གནང་བའི་བསྔོ་རྟེན་དང་སྐྱབས་རྟེན་སོགས་འབུལ་བར་འགྲོ་རྩིས་བྱེད་སྐབས་ཨ་མ་ལགས་ཀྱིས་བསྔོ་རྟེན་དང་སྐྱབས་རྟེན་གྱི་ཡི་གེ་རྣམས་བཤུས་ནས་དངུལ་རྩིས་དུས་རྒྱ་སྒོར་ཡིན་པ་ཧ་གོ་སོང། ཨ་མ་ལགས་ང་གཉིས་ཀྱིས་རྒྱ་སྒོར་གཅིག་ལ་ཧིན་སྒོར་ག་ཚོད་རག་གི་ཡོད་མེད་དྲྭ་རྒྱའི་སྒང་ལ་བལྟས་པ་ཡིན། ལས་ཀ་དེ་བྱེད་པར་ཨ་མ་ལགས་ང་གཉིས་ཆུ་ཚོད་གཅིག་མ་ཟིན་ཙམ་འགོར་སོང་། བྱས་ཙང་ཨ་མ་ལགས་ང་གཉིས་མེག་ལོར་ལ་མོ་ཊའི་ནང་ཕྱིན་པ་ཡིན། དེ་ནས་མེག་ལོར་ནས་ཨ་མ་ལགས་ང་གཉིས་ཀྱིས་རོགས་པ་ཞིག་སྐད་བཏང་ནས་བསྒུགས་པར་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་འགོར་སོང། ང་ཚོས་རྒྱ་སྒོར་ནས་ཧིན་སྒོར་ལ་བརྗེ་སྐབས་སྐར་མ་སུམ་ཅུ་ཙམ་འགོར་སོང། གཙུག་ལག་ཁང་ལ་ཁ་པར་འཁྱེར་ཆོག་གི་མེད་སྟབས། ཨ་མ་ལགས་ང་གཉིས་རོགས་པའི་ནང་ལ་ཕྱིན་ཏེ་བསྔོ་རྟེན་དང་སྐྱབས་རྟེན་དེ་ཚོ་སུ་སུའི་མིང་ཐོག་ལ་ག་ཚོད་འབུལ་དགོས་མེད་རྩིས་བརྒྱབ་དུས་ཆུ་ཚོད་གཅིག་ལྷག་ཙམ་འགོར་སོང། མཐར་གཙུག་ལག་ཁང་གི་སྐྱབས་ཞུ་ཁང་ལ་བསྔོ་རྟེན་དང་སྐྱབས་རྟེན་འབུལ་སྐབས་ཆུ་ཚོད་གསུམ་ལྷག་ཙམ་འགོར་བས་ང་ཉོབ་ཐག་ཆོད་སོང། ངས་གཙུག་ལག་ཁང་གི་ཐང་དེ་ལ་རྩེད་མོ་བརྩེས་ནས་བསྡད་པ་ཡིན། དེ་ཉིན་ཉིན་དགུང་ཁ་ལག་ཀྱང་བཟའ་རྒྱུ་མ་བྱུང། མཐར་གཞི་ནས་ཨ་མ་ལགས་ང་གཉིས་བསྔོ་རྟེན་དང་སྐྱབས་རྟེན་ཕུལ་ཚར་དུས་ཕྱི་དྲོའི་ཆུ་ཚོད་བཞི་པ་ཡོལ་འདུག དེ་ནས་ང་ཚོའི་རོགས་པའི་ནང་ལ་ལག་ཐོགས་ཁ་པར་ལེན་པར་ཕྱིན་པ་ཡིན། ཡང་དེ་ལ་ཆུ་ཚོད་ཕྱེད་ཀ་ཙམ་འགོར་སོང། དེ་ལྟར་ངའི་དུས་ཚོད་མང་ཤོས་འཕྲོ་བརླག་འགྲོ་བའི་ཉིན་མོ་ནི།  གཟའ་ལྷག་པའི་ཉིན་དེ་ཆགས་སོང་།



Friday, October 11, 2013

གློག་ཀླད།


༄༅།། གློག་ཀླད་ནི་དེང་སང་གི་འཕྲུལ་འཁོར་བེད་སྤྱོད་ཆེ་ཤོས་ཀྱི་རིགས་ཡིན་ཞིང་། དེང་སང་གློག་ཀླད་ཀྱི་ཀམ་པ་ནི་མང་པོ་ཡོད། དཔེར་ན། Hp ,Sony, Dell ,Vaio སོགས་དཔེ་མང་པོ་ཡོད་པ་མ་ཟད་གློག་ཀླད་ནང་དྲ་རྒྱ་བལྟ་རྒྱུ་ཡོད། རྩེད་མོ་རྩེད་རྒྱུ་ཡོད་པ། ཚགས་དཔར་དང་སྒྲུང་དེབ་ཀློག་རྒྱུ་ཡོད་པ། བལྟད་མོ་བལྟ་རྒྱུ་ཡོད་པ་དང་རྩོམ་འབྲི་རྒྱུ་ཡོད་པ། རི་མོ་དང་དེབ་གཟུགས་བཟོ་རྒྱུ་སོགས་ཧ་ཅང་མང་པོ་བྱེད་རྒྱུ་ཡོད།

Wednesday, October 2, 2013

སྒྲུང་དེབ།



༄༅།། སྒྲུང་དེབ་ནི་ངའི་གྲོགས་པོ་ཡིན་ལ། འཛམ་གླིང་ནང་སྒྲུང་དེབ་རིགས་ཧ་ཅང་མང་པོ་ཡོད། དཔེར་ན། སེང་གེ་དང་རི་བོང་གི་སྒྲུང་སོགས་ལྟ་བུའོ།། ད་དུང་སྐད་ཡིག་འདྲ་མིན་སྣ་ཚོགས་ཀྱི་སྒྲུང་དེབ་ཡོད། དཔེར་ན། བོད་པའི་སྒྲུང་དེབ། དབྱིན་ཇིའི་སྒྲུང་དེབ་དང་རྒྱ་མིའི་སྒྲུང་དེབ་སོགས་རྒྱལ་ཁབ་ཚང་མའི་ནང་སྒྲུང་དེབ་རིགས་མང་པོ་ཡོད། ད་དུང་ཕྱི་རྒྱལ་ནས་ནང་འདྲེན་བྱེད་པའི་དབྱིན་ཇིའི་སྒྲུང་དེབ་དེ་ཚོ་རྒྱ་གར་ལ་ཁེ་པོ་ཡོད།

   གལ་སྲིད་ང་ཚོས་སྒྲུང་དེབ་གཅིག་འབྲི་ན། སྒྲུང་དེབ་ཀྱི་མིང་དང་དོན་དག་ཡོད་པ། མཐའ་མ་བསླབ་བྱ་ཞིག་ཡོད་དགོས། གལ་སྲིད་མཚར་གཏམ་ཡིན་ན། སྒྲུང་ལ་བགད་མོ་ཤོར་རྒྱུ་ཡོད་པ་བཟོ་དགོས།

Friday, September 20, 2013

སྤྲིན་པ།




༄༅།། ང་ཚོས་ག་དུས་ཡིན་ཡང་གནམ་དུ་སྲིན་བལ་དཀར་པོ་འདྲ་པོ་ཞིག་མཐོང་གི་ཡོད། ཡིིན་ན་ཡང་དོན་དངོས་སུ་དེ་ཚོ་སྲིན་བལ་མིན། དེ་ནི་ཆུའི་གོང་བུ་ཞིག་རེད། དེའི་མིང་ལ་སྤྲིན་པ་ཟེར། སྤྲིན་པ་ནི་ཁ་ཕྱོགས་གང་སར་མཐོང་རྒྱུ་ཡོད་ལ་ཚོས་གཞི་མང་པོ་ཡོད།དཔེར་ན། སྤྲིན་པ་ནག་པོ་དང་། སྤྲིན་པ་དཀར་པོ། སྤྲིན་པ་དམར་པོ། སྤྲིན་པ་སེར་པོ་སོགས་ལྟ་བུའོ། །

   སྤྲིན་པ་ནི་རྒྱ་མཚོ་དང་མཚོ། མཚེའུ་སོགས་ཀྱི་རླངས་པ་ནས་བྱུང་། ཇི་ལྟར་བྱུང་བ་རེད་ཟེར་ན། དང་པོ་ཉི་མའི་འོད་རྒྱ་མཚོའམ་མཚོ་ལ་ཕོག་སྟེ་རྒྱ་མཚོའི་ཆུའི་ཆ་ཤས་ཤིག་རླངས་པར་གྱུར། གཉིས་པ་རྒྱ་མཚོའི་རླངས་པ་དེ་གནམ་ལ་ཕྱིིིན་ཏེ་རླངས་པ་མང་པོ་མཉམ་དུ་འདུས་པ་ལས་སྤྲིན་པར་གྱུར་པ་རེད། ཚན་རིག་པ་ཚོས། རྒྱ་མཚོ་ནས་རླངས་པ་དང་། དེ་ལས་སྤྲིན་པ། སྤྲིན་ནས་ཆར་པ་བབས་པའི་བརྒྱུད་རིམ་ཆ་ཚང་ལ་ཆུའི་རྒྱུན་འཁོར་ཟེར།

   ཡང་གྲོང་ཁྱེར་ཆེན་པོ་དེ་ཚོའི་ནང་ཆར་པ་སྐྱུར་ཆར་བབས་ཀྱི་ཡོད། སྐྱུར་ཆར་བབས་པའི་རྒྱུ་མཚན་ནི་གྲོང་ཁྱེར་ནང་བཟོ་གྲྭ་དང་མོ་ཊ་བེད་སྤྱོད་མང་པོ་བཏང་དུས་དུ་བ་བཙོག་པ་མང་པོ་ཐོན་ཏེ། དེ་ཚོས་བར་སྣང་གི་རླངས་གཟུགས་འབག་བཙོག་ཏུ་བསྒྱུར་ནས་སྐྱུར་ཆར་བབས་ཀྱི་ཡོད།

Sunday, August 25, 2013

ཆར་དུས་ཀྱི་རྡ་རམ་ས་ལ།

༄༅།།དེང་སང་ནི་རྡ་རམ་ས་ལར་ཆར་དུས་ཡིན་ཞིང་འབུ་སྲིན་མང་པོ་འཕེལ་རྒྱས་ཕྱིན་པ་མ་ཟད་ཉིན་ལྟར་དྲག་ཆར་བབས་པ། རི་ཀླུང་ཐམས་ཅད་ན་བུན་གྱི་ཁེངས་ཏེ་རྒྱ་མཚོའི་རྦ་རླབས་ལྟར་འཕྱོ་བཞིན་འདུག ག་ས་ག་ནས་ཆར་ཆུ་རྒྱུགས་ཏེ་ལམ་རྣམས་འཕྲོ་བརླག་ཕྱིན། ཁང་པ་མང་ཆེ་བར་བཞའ་ཚན་གྱིས་ཁེངས། མཚམས་རེ་ཉི་མ་ཤར་པ། སྐབས་རེ་ནམ་མཁའ་ལ་སྤྲིན་པ་འཁོར་ཡང་ཆར་པ་མི་བབས་པ། འབྲུག་སྒྲ་ཆེན་པོ་བརྒྱབ་པ། ས་ཡོམ་བརྒྱབ་པ་སོགས་བྱེད་ཀྱི་འདུག 

མི་རྣམས་ཡ་མ་དང་ཆམ་པ་ན་བ། གློ་བརྒྱབ་པ། གྲོད་ཁོག་བཤལ་པ། ཚ་བ་འབར་པ་སོགས་ནད་རིགས་འདྲ་མིན་སྣ་ཚོགས་ན་ཡི་འདུག

Monday, July 1, 2013

ལག་ཐོགས་ཁ་པར།

༄༅།། ལག་ཐོགས་ཁ་པར་ནི་དེང་སང་དར་བཞིན་པའི་ཁ་པར་རིགས་གཅིག་ཡིན། ངས་ཧ་གོ་བ་ལྟར་ན་ལག་ཐོགས་ཁ་པར་བཟོ་གྲྭ་སྐད་གྲགས་ཆེ་ཤོས་རྣམས་ནི་ Apple དང་ Nokia , Samsung, Sony སོགས་ཡིན།

ལག་ཐོགས་ཁ་པར་གྱི་བེད་སྤྱོད་ནི་ཁ་པར་བཏང་རྒྱུ་ཡོད་པ། དཔར་བརྒྱབ་རྒྱུ་ཡོད་པ། ལམ་ཁ་བརླག་དུས་སོ་སོ་ག་པར་ཡོད་མེད་འཚོལ་རྒྱུ་ཡོད་པ། དྲ་རྒྱར་མཐུད་ནས་དྲ་རྒྱར་བལྟ་རྒྱུ་ཡོད་པ། རྩེད་མོ་རྩེ་རྒྱུ་ཡོད་པ། གློག་ཀླད་ལ་འབྲེལ་བ་མཐུད་ནས་ལག་ཐོགས་ཁ་པར་ནས་གློག་ཀླད་ལ་དཔར་བསྐུར་ཐུབ་པ་སོགས་དང་། བེད་སྤྱོད་ལོག་པ་བཏང་མཁན་དེ་ཚོས་ལག་ཐོགས་ཁ་པར་བེད་སྤྱོད་བཏང་ནས་འབར་རྫས་སྤར་གྱི་ཡོད།
 

Thursday, June 20, 2013

ཟ་ཁང་།



འཛམ་གླིང་འདི་ཡི་ནང་དུ།                   

ཟ་ཁང་འདྲ་མིན་སྣ་ཚོགས།

ཁ་ཤས་རྒྱ་གར་ཟ་ཁང་།

འགའ་ཤས་བོད་པའི་ཟ་ཁང།

ལ་ལ་རྒྱ་མིའི་ཟ་ཁང་།

རྒྱ་གར་ཟ་ཁང་ནང་དུ།


ཁ་ལག་རྡ་ལིའི་ཐོག་ལ།

འབྲས་དང་བག་ལེབ་སོགས་ཡོད།།

བོད་པའི་ཟ་ཁང་ནང་ལ།

མོག་མོག་ཐུག་པ་ཡོད་རེད།

རྒྱ་མིའི་ཟ་ཁང་ནང་ལ།

འབྲས་དང་ཚལ་རིགས་ཡོད་རེད།

 
འཛམ་གླིང་འདི་ཡི་ནང་དུ།                                                    

ཁ་ལག་དབྱེ་བ་མང་ཉུང།

དེ་འདྲ་བྱས་ནས་བྱུང་རེད།

 འཛམ་གླིང་འདི་ཡི་ནང་དུ།
                                     
 ཟ་ཁང་རྫིག་ལོད་དབྱེ་བ།                                                                                                 

ཁ་ཤས་སྐྱོ་པོ་ཡོད་ཀྱང།                                                                                                 
                                                                                              
ཁ་ལག་ཞིམ་པོ་ཡོད་རེད།        
                                                                                               
ཁ་ཤས་རྫིག་པོ་ཡོད་ཀྱང་།
                                                                                                
ཁ་ལག་ཆོ་མེད་ཡིན་ནོ།

འཛམ་གླིང་འདི་ཡི་ནང་ལ།                                            
                         

སུས་ཀྱང་ཟ་ཁང་འཛིན་ཐུབ།

ང་ཡི་ཟ་ཁང་དགའ་ཤོས།།

བོད་པའི་ཟ་ཁང་ཡིན་ནོ།།

ང་ཡི་ཁ་ལག་དགའ་ཤོས།

འབྲས་དང་མོག་མོག་ཡིན་ནོ།།

ང་ཡི་ཁ་ལག་ཞིམ་ཤོས།

ནང་གི་རྒྱ་ཁོག་ཡིན་ནོ།།
      
         

Sunday, May 26, 2013

ང་ཚོའི་འཛམ་གླིང་།



ས་ཡི་གོ་ལ།

༄༅།། ང་ཚོའི་འཛམ་གླིང་ནི་ཚེ་སྲོག་འཚོ་གནས་ཐུབ་པའི་གཟའ་སྐར་གཅིག་པུ་དེ་རང་རེད། ང་ཚོའི་འཛམ་གླིང་ནི་ས་དང་ཆུ། སྐྱེ་ཁམས་བཅས་ལས་གྲུབ་ཡོད། ང་ཚོའི་འཛམ་གླིང་གི་རྒྱ་ཆ་བདུན་ཅུ་ཆུས་བཀབ་ཡོད་པ་དང་། བརྒྱ་ཆ་སུམ་ཅུ་སྐམ་ས་ཡིན། ང་ཚོའི་འཛམ་གླིང་ནང་གླིང་ཆེན་བདུན་དང་རྒྱ་མཚོ་ཆེན་པོ་བཞི་ཡོད། གླིང་ཆེན་བདུན་ནི་ཨེ་ཤི་ཡ་དང་ཡུ་རོབ། ཨ་ཕྷི་རི་ཀ ལྷོ་ཨ་མི་རི་ཀ བྱང་ཨ་མི་རི་ཀ ཨོ་སོ་ཊི་ལི་ཡ། ཨན་ཊར་ཊི་ཀ་བཅས། རྒྱ་མཚོ་ཆེན་པོ་བཞི་ནི་ཞི་བདེ་རྒྱ་མཚོ་དང་བྱང་འཁྱགས་རོམ་རྒྱ་མཚོ། ཨཊི་ལན་ཌིག་རྒྱ་མཚོ། རྒྱ་གར་རྒྱ་མཚོ་བཅས་ཡིན།

   ང་ཚོའི་འཛམ་གླིང་ལ་སའི་གོ་ལ་དང་གཟའ་སྐར་སྔོན་པོ་ཡང་ཟེར་གྱི་ཡོད། ང་ཚོའི་འཛམ་གླིང་གིས་རང་འཁོར་གཅིག་བརྒྱབ་པར་ཆུ་ཚོད་༢༤འགོར་གྱི་ཡོད། ང་ཚོའི་འཛམ་གླིང་གིས་རང་འཁོར་བརྒྱབ་པ་ལ་བརྟེན་ནས་ཉིན་མཚན་གཉིས་བྱུང། གལ་སྲིད་སའི་གོ་ལས་རང་འཁོར་མ་བརྒྱབ་ན་ཕྱོགས་གཅིག་ག་དུས་ཡིན་ཡང་མཚན་མོ་ཆགས་ནས་གྲང་ངར་ཤིན་ཏུ་ཆེ་བར་འགྱུར་པ་དང་། ཕྱོགས་གཞན་དེ་ག་དུས་ཡིན་ཡང་ཉིན་མོ་ཆགས་ནས་ཚ་དྲོད་ཤིན་ཏུ་ཆེ་བར་འགྱུར་ནས་སྐྱེ་དངོས་དང་ཚེ་སྲོག་གང་ཡང་གནས་མི་ཐུབ།

Thursday, May 16, 2013

བརྩོན་འགྲུས་ཀྱི་འབྲས་བུ།


བུ་ནོར་བུ་དོན་གྲུབ་ཟླ་བ་ནང་བསྐྱོད་བཞིན་པ།
༄༅།། དེ་རིང་ནི་བུ་ནོར་བུ་དོན་གྲུབ་ནང་ལ་དགའ་ཉེ་སྤུན་མཆེད་མང་པོ་འཛོམས་ནས་དགའ་སྟོན་གྱི་ཕེབས་བསུ་བྱེད་བཞིན་ཡོད། བུ་ནོར་བུ་དོན་གྲུབ་ནི་ལོ་མང་གི་བརྩོན་འགྲུས་ལ་བརྟེན་ནས་ད་ཆ་སྐད་གྲགས་ཡོད་པའི་གནམ་དཔྱད་རིག་པ་མཁས་པ་ཞིག་ཆགས་ཡོད།

    བུ་ནོར་བུ་དོན་གྲུབ་སློབ་གྲྭ་ལ་ཐོག་མར་འགྲོ་དུས་རིག་པ་སྐྱོ་པ་ཞེ་དྲགས་ཡོད་པ་དང་སྐད་དག་པོ་མེད་པ། ཉམས་ཆུང་ཡང་ཡོད། བྱས་ཙང་ཕ་མ་གཉིས་ལ་དཀའ་ལས་མང་པོ་འཕྲད་པ་མ་ཟད་ཉིན་ལྟར་བུ་ལ་གསལ་བྱེད་སུམ་ཅུ་ཡང་བསླབས་དགོས། དེ་ལྟར་ལོ་གསུམ་རྗེས་སུ་བུ་ནོར་བུ་དོན་གྲུབ་འཛིན་གྲྭ་དང་པོར་སླེབས། དེ་དུས་བུ་ནོར་བུ་དོན་གྲུབ་དགེ་རྒན་ཞལ་ལ་ཉན་པོ་ཡོད། ཡིན་ཡང་རྒན་ལགས་ཀྱིས་ནང་ལས་བསྐུར་དུས་མ་ཤེས་ནས་ལྷགས་དུས་དགེ་རྒན་གྱིས་ཉིན་ལྟར་གཤེ་གཤེ་བཏང་གི་ཡོད།

Friday, May 10, 2013

ངའི་པཱ་ལགས།


རྒྱ་གར་རྒྱལ་ས་ལྡི་ལི་ལ་པཱ་ལགས་ལྷན་དུ།
༄༅།། ངའི་པཱ་ལགས་ནི་གཤིས་ཀ་བཟང་ཞིང་། ལས་སློབ་གང་སྤྱིའི་ཐད་ལ་འབད་བརྩོན་ཆེ་བ། ཉིན་ལྟར་བོད་སྐད་དང་བོད་ཀྱི་རིག་གཞུང་གཙང་མ་ཉར་རྒྱུའི་ཆེད་དུ་སྐུ་ལས་མང་པོ་སྐྱོན་གྱི་ཡོད། ངའི་པཱ་ལགས་ཀྱིས་ག་དུས་ཡིན་ཡང་དྲང་པོ་གནང་བ་ལས་ལས་ཀ་གང་འདྲ་ཞིག་ཡིན་ཡང་གཡོ་སྒྱུ་དང་། རྒྱབ་མདུན་རྩ་བ་ནས་གནང་གི་མེད། 

    ངའི་པཱ་ལགས་ནི་བཞེས་ལག་ལ་ཧ་ཅང་དོ་སྣང་ཆེན་པོ་ཡོད་ལ་ལུས་རྩལ་ལའང་མཉེས་པོ་གནང་གི་ཡོད།་ངའི་པཱ་ལགས་ཀྱིས་ཞོགས་པ་སྔ་བོ་ཆུ་ཚོད་བཞི་པ་ཙམ་ནས་ཡར་བཞེངས་ནས་གླིང་སྐོར་ལ་ཕེབས་ཀྱི་ཡོད། གླིང་སྐོར་ནས་གཙུག་ལག་ཁང་ལ་ཕེབས་ནས་མཆོད་འཇལ་ཞུས། དེ་ནས་ནང་ལ་ལོག་ཕེབས་སྐབས་ལམ་ཞོར་དུ་ཚལ་རིགས་དང་ཨ་མདོ་བག་ལེབ་སོགས་ཉོས་ནས་ཕེབས་ཀྱི་རེད།

Wednesday, May 1, 2013

སྒྲ་སྙན།


༄༅།། སྒྲ་སྙན་ནི་ཡུལ་གྲུ་གཞན་ལ་མེད་པའི་བོད་རིགས་མི་མང་གི་ཐུན་མོང་མ་ཡིན་པའི་རོལ་ཆ་ཞིག་ཡིན། སྒྲ་སྙན་ནི་སྐད་སྙན་ཞིང་དེ་ལ་ཕོ་སྐད་དང་མོ་སྐད་གཉིས་ཀ་ཡོད། བོད་ཀྱི་བཙན་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་དར་བཟོ་ཆེན་པོ་བྱུང་ཡོད་ཟེར་སྲོལ་ཡང་ཡོད། དེང་སང་སྒྲ་སྙན་དར་བཟོ་ཆེན་པོ་འབྱུང་གི་ཡོད།

     སྒྲ་སྙན་བཟོ་དུས་རྒྱུ་ཆ་གཡང་དཀར་ལུག་གི་ལྤགས་པ་དང་། ཤིང་། རྟ་ཡི་གཞུ་གུའི་སྐུད་པ་སོགས་རྒྱུ་ཆ་སྤུས་དག་དགོས། སྒྲ་སྙན་ཡག་པོ་གཅིག་བཟོ་བར་དུས་ཚོད་ཟླ་བ་གསུམ་ལྷག་ཙམ་འགོར་གྱི་ཡོད།

    སྒྲ་སྙན་གྱིས་བོད་ཀྱི་གཞས་ཚང་མའི་སྒྲ་གདངས་གཏང་ཐུབ་པ་མ་ཟད་མཚམས་རེ་རྒྱ་གར་གཞས་དང་དབྱིན་ཇིའི་གཞས་སོགས་ཀྱི་སྒྲ་གདངས་ཀྱང་གཏང་ཐུབ།

Saturday, April 20, 2013

མོ་ཊ།


༄༅།། མོ་ཊ་ནི་མིའི་འཚོ་བ་ནང་སྤྱོད་མཁོ་ཤིན་ཏུ་ཆེ་བའི་འཕྲུལ་འཁོར་ཞིག་རེད། མོ་ཊ་ཡིས་ལས་ཀ་འདྲ་མི་སྣ་ཚོགས་བྱེད་ཐུབ། དཔེར་ན། མི་ནད་པ་གཅིག་ཤི་གྲབས་བྱེད་སྐབས་ལམ་སེང་སྨན་ཁང་ལ་སྐྱེལ་ཐུབ་པ། གནའ་སྔ་མོ་མི་ཚོས་གོམ་པ་བརྒྱབ་ནས་ཉིན་མང་པོ་འགྲོ་དགོས་པའི་ལམ་ཁ་ལ་མོ་ཊས་ཆུ་ཚོད་ཁ་ཤས་ནང་སྐྱེལ་ཐུབ། རྟ་དྲེལ་དང་སེམས་ཅན་སོགས་ཀྱི་འཁུར་དགོས་པའི་དོ་པོ་བརྒྱ་ཕྲག་མང་པོ་མོ་ཊས་ཐེངས་གཅིག་ལ་ལས་སླ་པོའི་ངང་འཁྱེར་ཐུབ།

Sunday, April 14, 2013

ཤེལ་ཏོག་དང་རྔན་པ། ཤིང་སྡོང་།

དེང་སང་ཤེལ་ཏོག་མང་པོ།
ཁྱེད་ཀྱིས་མཐོང་མྱོང་ཡོད་དམ།
ཁ་ཤས་རྒྱུག་པ་འདྲ་བ།
རེ་འགའ་སྒོ་ང་འདྲ་བ།
དེ་འདྲ་ཡ་མཚན་ཆེ་ལ།
 

སྔ་མོ་རྔན་པ་མེད་དུས།     
མི་ཚོས་བསམ་བློ་བཏང་ནས། 
ད་ལྟའི་རྔན་པ་དེ་ཚོ།
ཞིམ་པོ་ཞེ་དྲགས་འདུག་གོ   




རྡ་རམ་ས་ལའི་ཤིང་སྡོང་།
ནམ་མཁའི་སྐར་ཚོགས་འདྲ་ལ།
ཁྱེད་ཀྱི་གྲངས་རྩིས་ཐུབ་ཚེ།
འདི་དག་ང་ལ་གསུངས་དང་།