Saturday, April 4, 2015

ཉིན་ཐོ། ༢༠༡༥།༤།༤

༄༅།། དེ་རིང་ནི་ང་ཚོའི་ (Easter) ཡི་གུང་སེང་ཉིན་གཉིས་པ་རེད། དེ་རིང་གནམ་གཤིས་ཡག་པོ་མི་འདུག ཞོགས་པ་ནས་ཆར་པ་བབས་པ་མ་ཟད། ནམ་མཁའ་ཡོངས་སུ་སྤྲིན་པས་བཀབ་འདུག ང་ཆུ་ཚོད་བདུན་དང་ཕྱེད་ཀ་ལ་གཉིད་སད་སོང། དེ་དུས་ངའི་ཨ་ཅག་གཉིད་སྐྱིད་པོ་ཁུགས་ནས་བསྡད་འདུག ངས་དབྱིན་སྐད་ཀྱི་སྒྲུང་དེབ་ཅིག་འཁྱེར་ནས། ངའི་པཱ་ལགས་དང་ཨ་མ་ལགས་ཀྱི་ཉལ་ཁང་ལ་ཕྱིན་པ་ཡིན། ངས་ཆུ་ཚོད་གཅིག་ཙམ་སྒྲུང་དེབ་ཀློག་པ་ཡིན། ང་སྒྲུང་དེབ་ཀློག་བཞིན་པའི་སྐབས། ངའི་པཱ་ལགས་ཀྱིས་གློག་ཆས་(Ipad)ནང་བོད་ཡིག་དཔེ་ཆ་ཀློག་གི་འདུག་པ་དང། ངའི་ཨ་མ་ལགས་ཞལ་ལག་བཟོས་གནང་གི་འདུག
  ཆུ་ཚོད་གཅིག་ཙམ་རྗེས་ལ། ངའི་ཨ་མ་ལགས་ཀྱི་ཞལ་ལག་བཟོས་ཚར་འདུག་པ་དང། ཨ་ཅག་གཞི་ནས་ཡར་ལངས་སོང། ཞལ་ལག་ནི་བག་ལེབ་སྲབ་ཟན་དང། ཇ། བག་ལེབ་ལ་བྱུགས་ཡག་འདྲ་མིན་བཅས་རེད་འདུག 

  ཞལ་ལག་རྗེས་སུ། ངས་སོ་དང་གདོང་བཀྲུས་ནས། དབྱིན་སྐད་ཀྱི་རྩོམ་ཞིག་བྲིས་པ་ཡིན། དབྱིན་སྐད་ཀྱི་རྩོམ་དེ་ཉིན་ཐོ་ཞིག་ཡིན། དེ་རྗེས་ངས་སྒྲུང་དེབ་ཉལ་ཆས་ནང་ཀློག་པ་ཡིན། ག་རེ་བྱེད་ནས་ཡིན་ཟེར་ན། གནམ་གཤིས་གྲང་མོ་འདུག

 
ཆུ་ཚོད་གསུམ་ཙམ་རྗེས་ལ་ང་ཚོས་ཉིན་གུང་ཁ་ལག་བཟས་པ་ཡིན། དེ་རྗེས་ངས་ངའི་པཱ་ལགས་ལ་དྲ་རྒྱའི་ནང་མེ་ཏོག་སྐོར་གྱི་ཡིག་ཆ་འཚོལ་རོགས་ཞུས་པ་ཡིན། དེ་དུས་ངས་སྒྲོལ་མ་མེ་ཏོག་སྐོར་ལ་མང་པོ་ཤེས་བྱུང། དཔེར་ན། སྒྲོལ་མ་མེ་ཏོག་གི་མེ་ཏོག་དང། སོན་བཟས་ན་འགྲིག་གི་ཡོད་པ་དང་། མེ་ཏོག་དེ་ལ་དྲི་མ་ཞིམ་པོ་ཡོད་པ་སོགས་རེད། ཆུ་ཚོད་བཞི་པ་ཙམ་ལ་ང་ཚོ་འཆམ་འཆམ་ལ་འགྲོ་རྩིས་བྱས་དུས། ཆར་པ་ཤུགས་ཆེན་པོ་བབས་སོང་བས། ང་ཚོ་ནང་ལ་ཆར་པ་ཆད་རྒྱུར་སྒུག་བསྡད་པ་ཡིན།

  གང་ཙམ་རྗེས་ལ། ཆར་པ་ད་དུང་ཆད་མེད་པས། ངས་གློག་ཀླད་ནང་རྩེད་མོ་ཏོག་ཙམ་བརྩེས་པ་ཡིན། ཆུ་ཚོད་བདུན་པའི་གཡས་གཡོན་ལ། ང་ཚོས་དགོང་མོའི་ཞལ་ལག་བཟའ་བཞིན་མཉམ་དུ་གློག་བརྙན་གཅིག་བལྟས་པ་ཡིན། གློག་བརྙན་དེ་ནི་ཆུའི་ནང་གི་སྲོག་ཆགས་འདྲ་མིན་སྐོར་རེད་འདུག

 
དེ་རྗེས་ངས་སྒྲུང་དེབ་ཀློག་པ་དང། སོ་བཀྲུས་པ། གློག་ཆས་འཕྲུལ་འཁོར་གྱི་དྲ་རྒྱ་སྒང་ནས་དེ་རིང་གི་ (Blood Moon) ཁྲག་དམར་ཟླ་འཛིན་བྱུང་སྟངས་ལ་བལྟས་པ་ཡིན། རྒྱུ་མཚན་ནི། གྲོང་ཁྱེར་ སིད་ནི་ (Sydney) ནས་སྤྱིར་བཏང་ཟླ་འཛིན་དེ་མཐོང་གི་ཡོད་ནའི། དེ་རིང་ནམ་མཁའ་ཡོངས་སུ་སྤྲིན་པས་བཀབ་ཙང་མཐོང་ཐབས་མི་འདུག དེ་རྗེས་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀ་ལ། ང་ཉལ་བ་ཡིན་ནོ།། །།


1 comment:

Anonymous said...

ཨ་མ་ལགས་ཀྱིས་བཟོས་པའི་གསོལ་བག་ཞིམ་པོ་དཔེ་ཡོད་ཚོད་འདུག་པས་བུ་ཁྱེད་་རང་ཞལ་བསོད་ཆེན་པོ་རེད། རྗེས་མ་ཀློག་པའི་སྒྲུང་དེབ་ཀྱི་ནང་དོན་དང་དེ་ལས་རང་བ་གོ་བ་གསར་པ་གང་བྱུང་ཡང་ཕྲན་བུ་བྲིས་ན་དཔེ་ཡག་པོ་ཡོ་རེད།