Thursday, May 31, 2012

ངའི་སེམས་ཅན་དགའ་ཤོས།

༄༅།། ངའི་སེམས་ཅན་དགའ་ཤོས་ནི་གཡག་ཡིན། གཡག་ནི་ས་ཆ་མཐོ་བོ་དང་། གནམ་གཤིས་གྲང་ས་ལ་འཚོ་གནས་ཐུབ་ཀྱི་ཡོད། རྒྱུ་མཚན་ནི་གཡག་ལ་གྲང་ངར་ཐུབ་པའི་རྩིད་པ་མཐུག་པོ་ཡོད་པ་མ་ཟད་ཁྲག་ནང་ལ་དམིགས་བསལ་གྱི་སྲོག་འཛིན་རླུང་ཡོད་པས། བུ་ཡུག་དྲག་པོའི་ནང་དབུགས་གཏོང་ལེན་དང་གྲང་ངར་ལ་བཟོད་སྲན་ཐུབ་ཀྱི་ཡོད།

Monday, May 28, 2012

ཉིན་ཐོ།

ཕྱི་ལོ་༢༠༡༢ཟླ་བ་༥ཚེས༢༦ཉིན་བྲིས།

༄༅།། དེ་རིང་ནི་དབྱར་ཁའི་ཉིན་བཅུའི་གུང་སེང་སླེབས་པའི་ཉིན་མཐའ་མ་འདི་རེད། དེ་རིང་ཞོགས་པ་ང་འཛིན་གྲྭའི་སྒོ་འཛུལ་མ་ཐག་ངའི་འཛིན་གྲོགས་ཚོས་དགའ་བའི་རྣམ་འགྱུར་དང་བཅས་ང་ལ་ཐལ་མོ་བརྡབས་བྱུང་། ཁོ་ཚོས་ང་ལ་དེ་ལྟར་བྱས་པར་ང་དགའ་བྱུང་།

Tuesday, May 22, 2012

ངའི་སློབ་གྲྭ།

༄༅།། ངའི་སློབ་གྲྭའི་མིང་ལ་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཟེར། སློབ་གྲྭའི་ནང་སློབ་ཕྲུག་ཉིས་བརྒྱ་བཅུ་མེད་བདུན་ཙམ་ཡོད་པ་དང་། དགེ་ཆེ་གཅིག་དང་དགེ་རྒན་ལས་བྱེད་ཉི་ཤུ་རྩ་ལྔ་ཡོད། འཛིན་ཁང་བཅུ་གཅིག་དང་། གསང་སྤྱོད་ལྔ། ཐབ་ཚང་གཅིག གསོལ་ཚིགས་ཁང་གཅིག རོལ་ཆ་ཁང་གཅིག གློག་ཀླད་ཁང་གཅིག ཡིག་ཚང་དང་དགེ་རྒན་བཞུགས་ས་གཅིག ཨ་ཅག་མ་མའི་ཇ་བཟོ་སའི་ཁང་མིག་གཅིག་བཅས་ཁྱོན་བསྡོམས་ཁང་མིག་ཉི་ཤུ་རྩ་གཉིས་དང་རྩེད་ཐང་གཅིག་ཡོད།

Thursday, May 17, 2012

ཤེལ་རིལ་དང་ཟླ་དཀར།


ཤེལ་རིལ་དཀར་ཆུང་དེ་ཚོ།།

ང་ཡི་རྩེ་གྲོགས་བཟང་པོ།།


ཕར་འཕར་ཚུར་འཕར་བྱས་ནས།།

བདག་བློའི་འདོད་པ་ཁེངས་སོང་།།

Friday, May 11, 2012

ཁྱི་ནག་རིལ།

༄༅།། ཁྱི་ནག་རིལ་ནི་ངའི་ནང་གི་སྒོ་འགྲམ་དུ་སྡོད་ཀྱི་ཡོད། ནག་རིལ་ནི་ང་ཆུང་ཆུང་སྐབས་ནས་ཡོད། དེ་དུས་ང་ནག་རིལ་ལ་ཞེད་ཀྱི་ཡོད། ང་ཚོ་ས་ཆ་ག་པར་ཕྱིན་ནའང་ནང་ལ་ཡོང་དུས་ནག་རིལ་གྱིས་ང་ཚོ་ལ་གཞུ་གུ་གཡུག་གཡུག་བྱེད་ཀྱི་རེད།



        ནག་རིལ་རྟག་ཏུ་ནང་གི་སྒོ་འགྲམ་དུ་བསྡད་ནས་སྒོ་སྲུང་གི་འདུག ད་དུང་ང་ཚོ་གནས་ཆུང་ལ་འགྲོ་དུས་མཉམ་དུ་ཡོང་གི་འདུག ནག་རིལ་གྱི་ཁ་མདོག་ནི་ནག་པོ་རེད། ནག་རིལ་ལ་གྲོགས་པོ་ཉུང་ཉུང་ལས་མེད། ད་དུང་ཁྱི་གཞན་པས་ང་ལ་རྨུག་པར་ཡོང་ན། ནག་རིལ་གྱིས་ང་ལ་རྨུག་པར་ཡོང་མཁན་གྱི་ཁྱི་དེ་དེད་ཤར་གཏོང་གི་རེད། 

Sunday, May 6, 2012

ཉིན་ཐོ།

༢༠༡༢།༥།༦
༅༅།། དེ་རིང་བོད་ཚེས་བཅོ་ལྔ་ཡིན་ལ་གཟའ་ཡང་ཉི་མ་ཡིན་ཙང། ང་ནམ་རྒྱུན་དང་མི་འདྲ་བ་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཙམ་ལ་ལངས་པ་ཡིན། དེ་རྗེས་ཞོགས་པ་ཁ་ལག་བཟའ་དུས་མཉམ་དུ་ལྟད་མོ་འཁྱགས་རོམ་དུས་རབས་(Ice age)བལྟས་པ་ཡིན། ལྟད་མོ་བལྟ་བར་ཆུ་ཚོད་གཅིག་དང་ཕྱེད་ཀ་འགོར་སོང། ལྟད་མོ་བལྟས་ཚར་རྗེས་ང་གཟུགས་པོ་བཀྲུས་པ་ཡིན། གཟུགས་པོ་བཀྲུས་ཚར་རྗེས་ངས་དབྱིན་ཇིའི་སྒྲུང་དེབ་དང་བོད་ཡིག་གི་དེབ་གཅིག་ཀློག་པ་ཡིན། དེ་རྗེས་པཱ་ལགས་ལ་ཁ་པར་བཏང་པ་ཡིན།

Thursday, May 3, 2012

རྒྱ་སེ་མེ་ཏོག་ནག་པོ།

༅༅།། ད་ལྟའི་དུས་ཚོད་དེ་ལ་གཡས་གཡོན་གང་སར་རྒྱ་སེ་མེ་ཏོག་མཐོང་རྒྱུ་འདུག རྒྱ་སེ་མེ་ཏོག་ལ་ཁ་མདོག་དམར་པོ་དང་ཟིང་དཀར། དཀར་པོ། སེར་པོ། ལི་ཝང་བཅས་ཡོད། རྒྱ་སེ་མེ་ཏོག་སྡོང་པོ་དང་ཡལ་ག་གང་སར་ཚེར་མ་ཆུང་ཆུང་རྣོ་པོ་མང་པོ་ཡོད། རྒྱ་སེ་མེ་ཏོག་གི་དྲི་མ་ནི་མེ་ཏོག་ཚང་མ་ནང་ནས་ཞིམ་ཤོས་རེད། རྒྱ་སེ་མེ་ཏོག་ལ་ལོ་མ་ལྗང་ཁུ་ཆུང་ཆུང་ཧ་ཅང་མང་པོ་ཡོད། རྒྱ་སེ་མེ་ཏོག་ལ་སོན་མེད། རྒྱ་སེ་མེ་ཏོག་ཁོ་རང་གི་ཡལ་ག་བཏུབ་ནས་བཏབ་ཀྱི་ཡོད། རྒྱ་སེ་མེ་ཏོག་ཡལ་དུས་འབྲུ་དམར་པོ་བྱུ་རུ་འདྲ་པོ་ཆུང་ཆུང་དེ་འདྲ་འདུག མི་ཁ་ཤས་ཀྱིས་རྒྱ་སེ་མེ་ཏོག་དཀོན་མཆོག་ལ་ཕུལ་གྱི་འདུག ལྟད་མོའི་ནང་ལ་རྒྱ་སེ་མེ་ཏོག་ཆང་ས་དང་ལག་རྟགས་ལ་བེད་སྤྱོད་བྱེད་ཀྱི་འདུག རྒྱ་སེ་མེ་ཏོག་གིས་བཟོས་པའི་ཆུ་དྲི་མ་ཞིམ་པོ་འདུག ངས་(ཤེས་བྱ་བྱིས་པའི་དགའ་སྐྱེད་)ཀློག་དུས་རྒྱ་སེ་མེ་ཏོག་གི་སྣུམ་བཟོས་ཀྱི་ཡོད་པ་ཤེས་སོང་། ཧང་སངས་དགོས་པ་ཞིག་ལ་དེ་རིང་ངས་དྲ་རྒྱའི་ནང་ནས་རྒྱ་སེ་མེ་ཏོག་ནག་པོ་མཐོང་སོང་། ངས་ད་བར་རྒྱ་སེ་མེ་ཏོག་མང་པོ་མཐོང་ཡང་ནག་པོ་གཅིག་ཀྱང་མཐོང་མྱོང་མེད།། །།