Friday, March 23, 2012

ལུག་དང་སྤྱང་ཀི།


(བུའི་རྩོམ་ལ་ཕས་དག་བཅོས་ཀྱི་མཆན་བཀོད་པ།)
[1] གནའ་སྔ་མོ་གཅིག་ལ་ལུག་རྐང་ ༣ དང་སྤྱང་ཀི་རྐང[2] ༢ ཡོད། ལུག་དེ་ཚོ་རྩྭ་ཐང་ལ་རྩྭ་བཟས་ནས་བསྡད་ཡོད། ལུ་[3]དེ་ཚོ་ལུག་ཕྲུག་ཡིན། ལུག་གི་ཕ་མ་གྲོང་[4]ཚར་བ་རེད།


སྤྱང་གི་[5]གཉིས་གྲོད་པ་ལྟོགས་ནས་བསྡད་ཡོད། སྤྱང་ཀི་རྩ་[6]ཐང་ལ་སླེབས་འགྲོ་[7]ཡོད་དུས་ལུག་མཐོང་བ་རེད། སྤྱང་ཀིས་ཁ་ཁུ་སིམ་པོའི་ངང་ཡིབ་ནས་ཕྱིན་པ་རེད། སྤྱང་ཀིས་མཆོང་ཐེངས་གཅིག་ལ་ལུག་གཅིག་ཟིན་ཐུབ་པ་རེད། ལུག་དེ་ཆུང་ཆུང་གཅིག་ཡོད། 

དེ་ཁོ་གཉིས་ཀྱིས་བཙོན་ཁང་ནང་དག་པ་[8]རེད། སང་ཉིན་དེར་སྤྱང་ཀི་ལུག་ཚང་ནང་ཡོང་ནས་ལུག་རིང་པོ་[9]ཅིག་ཟིན་པ་རེད། ལུག་དེ་རིང་པོ་ཡོད། ཁོ་གཉིས་ཀྱིས་བཙོན་ཁང་ནང་དག་པ་[10]རེད། ད་ལུག་གཅིག་ལས་ལྷག་མེད་དུས་རོགས་པ་མེད་ཙང་ཞེད་པ་རེད། ལུག་དེ་རྒྱག་པ་[11]ཡོད། 

ལུག་དེ་ལ་ཐབས་ཤེས་རྙེད་པ་རེད། ཐབས་ཤེས་དེ་འདམས་[འདམ་]སེང་གི་ལྤགས་རྫུན་གྱོན་ནས་ལུག་དེ་ཚོ་སྐྱབས་རྒྱུ་རེད། ལུག་དེ་ཟིན་པར་ཡོང་གི་ཡོད་པས་ལུག་དེས་མགྱོགས་མྱུར་ངང་འདམས་སེང་གི་ལྤགས་རྫུན་གྱོན་པས་སྤྱང་ཀི་ཞེད་པ་རེད། སྤྱང་ཀི་ཞེད་དུས་ལུག་དེ་ཚོ་མ་གློད་ན་ཁྱེད་རང་བསད་ཀྱི་ཡིན་ཟེར་པས་ཁོང་ཚོ་གློད་པ་རེད། 

དེ་ནས་བཟུང་ལུག་དེ་ཚོ་སྐྱིད་པོ་བྱས་ནས་བསྡས[12]པ་རེད།། །།

  • བུ་རང་གི་སྒྲུང་དེ་སྙན་པོ་དང་མདོར་བསྡུས། ཁ་གསལ་པོ་བྲིས་འདུག གཤམ་ལ་པ་ཕས་བསམ་འཆར་ཁ་ཤས་བཤད་ཀྱི་ཡིན།
  • [1] རྩོམ་ག་རེ་བྲིས་ན་ཡང་། འགོ་དེ་ལ་ཡིག་འགོ་(༅༅།།)ཞིག་བྲིས་ན་ཡག་པོ་འདུག གང་ཡིན་ཟེར་ན་གཅིག་ནས་ང་རང་ཚོའི་ལུགས་སྲོལ་རེད། གཉིས་ནས་རྩོམ་གྱི་འགོ་ཡིན་པ་ཤེས་ཀྱི་རེད། ད་དུང་དེ་ལས་གཏིང་ཟབ་པའི་འགྲེལ་བཤད་གཞན་དག་ཡོད་རེད། དེ་ཚོ་བུ་རང་གིས་རིམ་པས་སློབ་སྦྱོང་བྱས་ན་ཤེས་ཀྱི་རེད།
  • [2] ལུག་རྐང་ ༣ དང་སྤྱང་ཀི་རྐང་ ༢ ཡོད་བྲིས་ན་འགྲིག་གི་མ་རེད་ཅེས་བཤད་མི་ཐུབ། ཡིན་ནའང་སྤྱིར་བཏང་རྐང་གཅིག་དང་རྐང་གཉིས་ཟེར་བ་དེ། ཅ་ལག་འདྲ་བོ་གྲངས་ཀ་བརྩི་དུས་ལབ་ཀྱི་རེད། སེམས་ཅན་ལ་བེད་སྤྱོད་གཏོང་སྲོལ་ཞེ་དྲག་ཨ་ཡོད་བསམ་གྱི་འདུག
  • [3] ལུ་ཞེས་པ་དེ་ལུག་ཡིན་པ་བུ་རང་གིས་གསལ་པོ་ཤེས་ཀྱི་རེད། གཟབ་གཟབ་མ་བྱས་ཙང་རྗེས་འཇུག་ག་ཆད་པ་རེད།
  • [4] གྲོང་ཟེར་ན། གྲོང་ཁྱེར་དང་གྲོང་བརྡལ། གྲོང་གསེབ་ཅེས་མི་མང་པོ་གནས་ས་དེ་ཚོར་གོ་གི་རེད། ཤི་བ་དང་གོ་དོན་གཅིག་པ་ཡིན་པའི་གྲོངས་དེ་ལ་ཡང་འཇུག་ས་ཡོད་རེད། འདི་གཉིས་དབུས་སྐད་ནང་སྒྲ་གདངས་གཅིག་པ་ཡིན་རུང་དོན་དག་གཅིག་པ་མ་རེད།
  • [5] སྤྱང་གི་ཞེས་པ་དེ་སྤྱང་ཀི་ཡིན་པ་བུ་རང་གིས་ཤེས་ཤེས་པ་ཡིན་རུང་། ལག་པ་ནོར་ནས་སྤྱང་གི་ཞེས་བྲིས་པ་འདྲ།
  • [6] རྩྭ་ཐང་གི་རྩྭ་ལ་ཝ་ཟུར་འབྲི་དགོས་པ་བུ་རང་གིས་ཤེས་འདུག་ཀྱང་། ལག་པ་ནོར་ནས་བྲིས་པ་འདྲ།
  • [7] སླེབས་འགྲོ་ཞེས་པ་དེ་དངོས་གནས་བྱས་ན། སླེབས་གྲབས་རེད། དབུས་པའི་སྐད་ཀྱི་ནང་ལ། རྗེས་འཇུག་བ་སོགས་མགྱོགས་པོ་བརྗོད་དུས་ན་རོ་ཆགས་འགྲོ་བའི་གནས་ཚུལ་མང་པོ་ཡོད། བྱས་ཙང་། སླེབས་གྲབས་ཟེར་བ་དེ། ཁ་སྐད་ནང་བརྗོད་དུས་སླེབས་གྲོ་ཞེས་འགྱུར་བ་རེད། ཡི་གེ་འབྲི་དུས་གྲབས་མ་བྲིས་ན། ལུང་པ་གཞན་པའི་མིས་ཧ་གོ་གི་མ་རེད།
  • [8] [10]བཙོན་ཁང་ནང་དག་པ་ཟེར་བ་དེ་རྒྱ་གར་ནང་གི་བོད་པའི་སྐད་ཆ་ཤོད་སྟངས་རེད། ཕལ་ཆེར་སྟོད་མངའ་རིས་ཁུལ་གྱི་སྐད་ཆ་ཤོད་སྟངས་ཤིག་ནས་བྱུང་བ་ཡིན་ས་རེད། དངོས་གནས་སྒྲ་ཡག་པོ་ཉན་ན། བཙོན་ཁང་ནང་ལྡག་པ་འདྲ་བོ་ཞིག་ལབ་ཀྱི་རེད། དེའི་ཁུངས་དེད་ན། བཙོན་ཁང་ནང་ལྡུག་པ་ཟེར་བ་དེ་ཡིན་ས་རེད། ལྡུག་པ་ཟེར་ན་བླུག་པ་དང་དོན་དག་གཅིག་པ་རེད། ཡིན་ནའང་། བུ་རང་གིས་བཙོན་ཁང་ནང་བཅུག་པ་རེད་ཅེས་བྲིས་ན། གོ་བདེ་བ་ཆགས་ཀྱི་རེད།
  • [9] ལུག་རིང་པོ་ཟེར་ན། ཁྱད་མཚར་པོ་འདུག ལུག་གཟུགས་སྟོབས་ཆེན་པོ་དང་ཆུང་ཆུང་ཟེར་ན་ཡག་པོ་འདུག
  • [11] རྒྱག་པ་དང་རྒྱགས་པ་གཉིས་སྒྲ་གདངས་གཅིག་པ་ཡིན་རུང་དོན་དག་གཅིག་པ་མ་རེད། ཤ་རྒྱགས་པ་ལ་ཡང་འཇུག་ས་ཡོད་རེད། རྒྱག་རེས་རྒྱག་པ་ལ་ཡང་འཇུག་ས་ཡོད་མ་རེད།
  • [12] འདི་ལ་བསྡད་ཅེས་རྗེས་འཇུག་ད་འབྲི་དགོས་རེད།

2 comments:

ལྗང་སྨྱུག said...

གྲོགས་པོ་ཆུང་ཆུང་ལགས། སྤྱིར་བཏང་རྐང་གཅིག་དང་རྐང་གཉིས་ཟེར་དུས། དངོས་པོ་ཚང་མ་ལ་འགྲོ་ཡི་ཡོད་ས་མ་རེད། དཔེར་ན་ཤིང་སོགས་རྐང་ངམ། རྐང་པ་ཡོད་པའི་དངོས་པོའི་རིགས་ལ་རྐང་གཅིག་གཉིས་ཟེར་སྲོལ་འདུག གཞན་རིལ་རིལ་དང་གྲུབ་བཞི་སྒོར་སྒོར་སོགས་ལ་རྐང་ཟེར་ལབ་སྲོལ་ཡོད་པ་མ་རེད། ལུག་དང་སྤྱང་ཀི་ལ་རྐང་ཟེར་ནའང་མི་འགྲིགས་རྒྱུ་མེད་སྙམ། དཔེར་ན་གཡག་དང་ལུག་སོགས་སྒོ་ཟོག་གི་གྲངས་བརྩི་དུས། ལུག་བསྡོམས་པའི་རྐང་གྲངས་ ༡༣༠ ནོར་རྐང་གྲངས ༢༡༦ ལྟར་བུ་ཟེར་སྲོལ་ཡོད་རེད་ལགས།
ཁྱེད་ཀྱི་ཟིན་བྲིས་འདི་ཤིན་ཏུ་ཡག་པོ་འདུག མུ་མཐུད་དེ་འབད་རོགས་སྙིང་ནས་དགའ་བསུ་ཡོད།

Unknown said...

དངོས་གནས་ཡག་པོ་འདུག་བོད་ཡིག་ཡར་རྒྱས་གཏོང་ལུགས་དེ་དངོས་གནས་ཐབས་ལན་དཔེ་མི་སྲིད་པའི་ཡག་པོ་འདུག། ཕ་བུ་གཉིས་ལ་དཀའ་དྲིན་ཆེ་ཞུ། ལྷག་པར་བུ་ཆུང་དེ་ལ་ཤུགས་རྒྱྲོབ་ཞེས་ཞུ་འདོད་བྱུང།