Saturday, April 20, 2013

མོ་ཊ།


༄༅།། མོ་ཊ་ནི་མིའི་འཚོ་བ་ནང་སྤྱོད་མཁོ་ཤིན་ཏུ་ཆེ་བའི་འཕྲུལ་འཁོར་ཞིག་རེད། མོ་ཊ་ཡིས་ལས་ཀ་འདྲ་མི་སྣ་ཚོགས་བྱེད་ཐུབ། དཔེར་ན། མི་ནད་པ་གཅིག་ཤི་གྲབས་བྱེད་སྐབས་ལམ་སེང་སྨན་ཁང་ལ་སྐྱེལ་ཐུབ་པ། གནའ་སྔ་མོ་མི་ཚོས་གོམ་པ་བརྒྱབ་ནས་ཉིན་མང་པོ་འགྲོ་དགོས་པའི་ལམ་ཁ་ལ་མོ་ཊས་ཆུ་ཚོད་ཁ་ཤས་ནང་སྐྱེལ་ཐུབ། རྟ་དྲེལ་དང་སེམས་ཅན་སོགས་ཀྱི་འཁུར་དགོས་པའི་དོ་པོ་བརྒྱ་ཕྲག་མང་པོ་མོ་ཊས་ཐེངས་གཅིག་ལ་ལས་སླ་པོའི་ངང་འཁྱེར་ཐུབ།

  

   མོ་ཊའི་ཁྱད་ཆོས་ནི་འཁོར་ལོ་དང་མི་བསྡད་ས། ཨིན་ཇེན། ཁ་གཅུས་བྱེད། མགྱོགས་ཚད་འགྱུར་བ་བཏང་རྒྱུ་སོགས་ཡོད་པ་དེ་ཡིན། མོ་ཊ་ལ་རིགས་མི་འདྲ་བ་མང་པོ་ཡོད། འགའ་ཤས་ནི་འགྲིམ་འགྲུལ་རླངས་འཁོར། སྤྱི་སྤྱོད་རླངས་འཁོར། མྱུར་སྐྱོབས་རླངས་འཁོར། དོ་འཁྱེར་རླངས་འཁོར། ཉེན་རྟོག་པའི་མོ་ཊ། དམག་གི་རླངས་འཁོར། མེ་གསོད་མོ་ཊ། ཞིང་ཁ་ལ་བེད་སྤྱོད་བཏང་རྒྱུའི་རླངས་འཁོར་ཡིན། འགྲིམ་འགྲུལ་རླངས་འཁོར་གྱིས་མི་ཡར་མར་སྐྱེལ་རོགས་བྱེད། སྤྱི་སྤྱོད་རླངས་འཁོར་གྱིས་མི་སུམ་ཅུ་ཙམ་ཐག་རིང་པོ་ལ་སྐྱེལ་རོགས་བྱེད་ཀྱི་ཡོད། དོ་འཁྱེར་རླངས་འཁོར་གྱིས་དངོས་ཟོག་དང་ས་རྡོ་སོགས་ཕར་ཚུར་སྐྱེལ་གྱི་ཡོད། དམག་འཛིངས་དུས་ཀྱི་རླངས་འཁོར་གྱིས་དམག་མི་སྐྱོབས་རྒྱུ་དང་དགྲ་བསད་རྒྱུ། དགྲ་སླེབས་ཀྱི་འདུག་མི་འདུག་བརྟག་དཔྱད་བྱེད་ཐུབ། སྨན་ཁང་གི་མྱུར་སྐྱོབས་རླངས་འཁོར་གྱིས་ནད་པ་ཕར་ཚུར་སྨན་ཁང་ལ་སྐྱེལ་གྱི་ཡོད། ཉེན་རྟོག་པའི་མོ་ཊ་ནི་རྐུན་མ་སོགས་མི་ཉེས་ཅན་དེ་ཚོ་བླུགས་ཆེད་བེད་སྤྱོད། མེ་གསོད་པའི་མོ་ཊའི་ནང་ཆུ་བླུགས་ནས་མེ་གསོད་བྱེད་ལ་བེད་སྤྱོད་བྱེད།

   མོ་ཊ་ལ་སྣུམ་བླུགས་དགོས་ཡོད། ཡིན་ནའང་མོ་ཊས་རླུང་བཙོག་པ་བཟོ་ཡི་ཡོད་ལ་མི་སྲོག་ལ་ཉེན་ཁ་ཡང་མང་པོ་བཟོ་ཡི་ཡོད། འགྲིམ་འགྲུལ་ལ་གཟབ་གཟབ་མ་བྱས་ན་ཆག་སྒོ་མང་པོ་ཡོང་གི་རེད། ང་མོ་ཊ་ལ་དགའ་པོ་ཡོད། ཁྱེད་རང་མོ་ཊ་ལ་དགའ་པོ་ཡོད་དམ།།

No comments: