Sunday, April 7, 2013

ངའི་ཨ་ཅག་ལགས།

ཨ་ཅག་ལགས་དང་ང་མཉམ་དུ་སློབ་སྦྱོང་བྱེད་པ། པར་པ། པཱ་ཆུང་ཚེ་རིང་ལགས།
  ༄༅།། དུས་ཚོད་ནི་ཚགས་སྒྲ་དང་བཅས་སྐར་ཆ་ནས་སྐར་མ། སྐར་མ་ནས་ཆུ་ཚོད། ཆུ་ཚོད་ནས་ཉིན་མོ་འགྲོ་དུས་ངའི་སེམས་སྟོང་ལྷང་ལྷང་བྱེད་ཀྱི་འདུག གང་ཡིན་ཟེར་ན་ངའི་ཨ་ཅག་ལགས་ཉིན་བརྒྱ་དང་བཅུ་བཞི་ཙམ་གྱི་གུང་སེང་རྫོགས་ཏེ་སློབ་གྲྭར་ཕེབས་རན་སོང་།
        ངའི་ཨ་ཅག་ལགས་ནི་འཛམ་གླིང་ནང་ནས་ངའི་སྤུན་མཆེད་ཉེ་ཤོས། ངའི་བརྩི་ཤོས་ཀྱི་མི། ངའི་དགའ་ཤོས་ཀྱི་མི། ངའི་རྩེད་གྲོགས་ཡག་ཤོས། ངའི་མིག་དཔེ་ཡག་ཤོས་བཅས་ཡིན།
        ངའི་ཨ་ཅག་ལགས་ཀྱིས་ང་ལ་ཡི་གེ་བསླབས་རོགས་གནང་བ་མ་ཟད། གློག་ཀླད་ནང་གི་ཤེས་བྱ་སྣ་ཚོགས་དང་བེད་སྤྱོད་བཏང་སྟངས་སོགས་མང་པོ་བསླབས་ཀྱི་རེད། སྐབས་རེ་ངས་དབྱིན་ཇིའི་སྒྲུང་ཀློག་པ་དང་ཨ་ཅག་ལགས་ཀྱིས་དོན་དག་འགྲེལ་བཤད་བརྒྱབ་ཀྱི་རེད། ད་དུང་ཨ་ཅག་ལགས་ང་གཉིས་དབྱིན་ཇིའི་ལྟད་མོ་ལྟ་སྐབས་འགྲེལ་བཤད་བརྒྱབ་ཀྱི་རེད།

     ང་སློབ་གྲྭ་གྲོལ་ཏེ་ནང་དུ་སླེབས་མ་ཐག་ངའི་དགའ་ཤོས་ཀྱི་བོད་སྐད་བརྙན་འཕྲིན་རི་མོ་འགུལ་བའི་པར་གཞི་སྟོན་པ་དང་ལྟོགས་གསོས་རྔན་པ་སྤྲད་གནང་གི་རེད། གང་ལྟར་ཨ་ཅག་ལགས་ཀྱིས་རྔན་པ་ཙམ་མ་ཟད་བཞེས་ལག་ཀྱང་མ་མཆོད་པར་ང་སྒུག་གནང་གི་ཡོད། ཨ་ཅག་ལགས་སོ་བཀྲུ་དུས་ང་ལ་ཡང་སོ་བཀྲུ་བྱེད་སྒང་ལ་སོ་སྨན་བྱུགས་ནས་འཁྱེར་ཡོང་གི་རེད།
       ཉིན་ཅིག་ཨ་ཅག་ལགས་ཀྱིས་ང་ལ་ (typing)སྦྱངས་ཆེད་ཀྱི་རྩེད་མོ་གཅིག་ངའི་གློག་ཀླད་ནང་བཅུགས་གནང་སོང། དེ་དུས་ང་དགའ་པོ་ཞེ་དྲགས་བྱུང་ལ། ངས་དེ་ལ་བརྟེན་ནས་ཀློག་ཀླད་ནང་ཡི་གེ་འཇུག་རྩལ་སྦྱོང་བརྡར་བྱས་པ་ཡིན།
       ཨ་ཅག་ལྷན་དུ་དུས་ཚོད་མང་ཙམ་གཤིབ་རྒྱུའི་ཆེད་ཉིན་གུང་ཞལ་ལག་སློབ་གྲྭ་ནས་གནང་གིན་ཡོད་ཀྱང་ངས་ནང་དུ་ལོག་ནས་བཟས། ཕྱི་དྲོ་སློབ་གྲྭ་གྲོལ་མ་ཐག་ངས་གྲོགས་པོ་ཚོའི་མཉམ་དུ་རྩེད་མོ་མ་བརྩེས་པར་ནང་དུ་ཤར་རེ་ལོག་གི་ཡོད།
       ཕྱི་ལོ་  ༢༠༡༣ ཕྱི་ཟླ་ ༤ པའི་ཚེས་ ༦ ཉིན་ཉིན་གུང་རྗེས་སུ་སློབ་གྲྭ་ནས་དགོངས་པ་ཞུས། དགོངས་པ་ཞུས་མ་ཐག་ངས་དཔེ་ཁུག་འཁྱེར་ནས་ལམ་སེང་ནང་ལ་ལོག་ཕྱིན། ཨ་ཅག་ལགས་དང་མཉམ་དུ་ཁ་ལག་བཟས། མགྱོགས་པོ་ཨ་ཅག་ལགས་ཀྱིས་འཁྱེར་རྒྱུའི་ཅ་དངོས་རྣམས་འཁྱེར་ཆོག་ཆོག་བཟོས། ཆུ་ཚོད་དྲུག་པ་ཙམ་ལ་ང་ཚོ་མཉམ་དུ་དགོང་ཟས་སྟབས་བདེ་ཞག་ཚིལ་མང་པོ་མེད་པ་ཞིག་བཟས།

ཨ་ཅག་ལགས་སློབ་གྲྭར་མ་ཕེབས་གོང་། པར་པ། ཨ་མ་འཚམས་ལགས།
 ཆུ་ཚོད་དྲུག་དང་ཕྱེད་ཀ་ཙམ་ལ་ཨ་ཅག་ལགས་ཀྱི་ཅ་ལག་རྣམས་འཁྱེར་ནས་གླ་ཆེད་རླངས་འཁོར་ནང་མེག་ལོ་གྷན་ཇིའི་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་ཕྱིན། ཆུ་ཚོད་བདུན་དང་ཕྱེད་ཀ་ཟིན་དུས་ངའི་ཨ་ཅག་ལགས་སྤྱི་སྤྱོད་རླངས་འཁོར་ནང་གྲོགས་མོ་དང་མཉམ་དུ་ཕེབས་སོང། དེ་དུས་ང་སེམས་སྐྱོ་ཐག་ཆོད་ནས་མིག་ནས་མཆི་མ་ཤོར་གྲབས་བྱས་བྱུང་། ངའི་ཨ་ཅག་ལགས་ཕེབས་ཚར་དུས་ང་དང་ཨ་མ་ལགས་མཉམ་དུ་ནང་དུ་ལོག ང་ནང་དུ་སླེབས་ནའི་ངའི་སེམས་པ་སྟོང་ལྷང་ལྷང་ཆགས་ནས་ངའི་བརྩེ་བའི་ཨ་ཅག་ལགས་ཧ་ཅང་མང་པོ་དྲན་བཞིན་འདུག ། །།

No comments: