Thursday, November 14, 2013

ངའི་གངས་སྐྱིད་དཔེ་སྟོན་སློབ་གྲྭའི་བྱིས་པའི་ཉིན་མོ་མཐའ་མ།

༄༅།། ངའི་གངས་སྐྱིད་དཔེ་སྟོན་སློབ་གྲྭའི་བྱིས་པའི་ཉིན་མོ་མཐའ་མ་ནི། ཕྱི་ལོ་༢༠༡༣ཟླ་༡༡ཚེས་༡༤ཉིན་ཡིན། དེ་རིང་ཞོགས་པ་ང་ཆུ་ཚོད་༧་དང་ཕྱེད་ཀ་ཙམ་ལ་ལངས་ནས་ཐག་མཆོང་རྩེས་པ་ཡིན། དེ་ནས་ཨ་མ་ལགས་ཀྱིས་ངའི་གཟུགས་པོ་བཀྲུས་པ་དང་ང་ལ་དུག་སློག་གསར་པ་ཡང་གཡོག་གནང་བྱུང། ང་སློབ་གྲྭར་ཕྱིན་དུས་ཕྲུ་གུ་མང་ཆེ་བས་གློག་གི་རྩེད་ཆས་འཁྱེར་པ་མ་ཟད་ཁ་ཤས་ཀྱིས་ Roller skating ལ་སོགས་པ་དང་རྔན་པ་ཡང་མང་པོ་འཁྱེར་འདུག ངས་ཀྱང་རྔན་པ་དང་གློག་གི་རྩེད་ཆས་འཁྱེར་ཡོད། ང་འཛིན་གྲྭའི་ནང་སླེབས་སྐབས་ཕྲུ་གུ་མང་ཆེ་བས་ང་ལ་གློག་གི་རྩེད་ཆས་འཁྱེར་ཡོད་དམ་ཞེས་ལབ་དུས། ངས་འཁྱེར་ཡོད་ལབ་པ་དང་ཆབས་ཅིག་རྩེད་མོ་ཏོག་ཙམ་རྩེས་པ་ཡིན། ཕྲུ་གུ་ཁ་ཤས་ཀྱིས་གློག་གི་རྩེད་ཆས་རིགས། Ds དང་ psp, game boy ལ་སོགས་པ་འཁྱེར་འདུག

   ཆུ་ཚོད་༩པ་ཙམ་ལ་རྒན་ལགས་ཀྱིས་སློབ་ཕྲུག་ཚང་མ་སྒང་ལ་ཕེབས་གསུངས་སོང། ང་ཚོ་སྒང་ལ་ཕྱིན་ཏེ་རྒན་ལགས་རྣམས་ཀྱི་འཁྲབ་སྟོན་ལ་བལྟས་པ་ཡིན། རྒན་ལགས་ཚོས་སེམས་ཅན་འབྲོང་དང་གཡག བྱི་ལ་དོམ། དོམ་ནག་དང་དོམ་དཀར། ནེ་ཙོ། ལུག སྟག སྤྲེའུ། ཝ་མོ། རི་བོང། ཤ་བ། ཤ་ཁྲ་སྐེ་རིང། ཕག་པ། ཞི་མི། མི་རྒོད་སོགས་ཀྱི་འབག་དང་ཆས་གྱོན་སེམས་ཅན་མངོན་སུམ་ནང་བཞིན་གྱོན་གནང་འདུག ལྡིང་ཆ་དང་སློབ་གྲྭའི་ཐང་ཡོང་རྫོགས་ཤིང་ནགས་འདྲ་པོ་བཟོས་འདུག ཐོག་མར་རྒན་ལགས་ཚང་མ་སྡིངས་ཆའི་སྒང་ལ་ཕེབས་ནས་ང་ཚོ་མཉམ་དུ་རྒྱལ་གླུ་བཏང་པ་དང་བོད་ཀྱི་དཔའ་བོ་དཔའ་མོ་ལ་མྱ་ངན་གུད་འདུད་ཞུས་སོང།


  

དེ་རྗེས་རྒན་ལགས་ཚང་མ་མཉམ་གཞས་དང་གཏམ་བརྗོད། བལ་པོའི་ཞབས་བྲོ། རྒྱ་གར་གྱི་ཞབས་བྲོ། རྐྱང་གཞས། ཤིང་ནགས་ནང་གི་ཊ་ཛིན་དང་སེམས་ཅན་གྱི་ཞབས་བྲོ་སོགས་སྣ་ཚོགས་འཁྲབ་གནང་སོང། ང་ནི་ཊ་ཛིན་དང་སྤྲེའུ་ཕག་པའི་གཏམ་བརྗོད་དེ་གཉིས་དམིགས་བསལ་གྱིས་ལྟད་མོ་ཆེན་པོ་བྱུང་། མཐའ་མ་རྒན་པཱ་སངས་ལགས་ཀྱིས་བུ་མོ་ཤིན་ཏུ་མཛེས་མ་ཞིག་བཟོས་ཏེ་རོལ་དབྱངས་དང་ལྷན་དུ་ roller skating བཏང་གནང་སོང།

   དེ་རྗེས་ང་ཚོར་རྔན་པ་གནང་བྱུང། འཁྲབ་སྟོན་ཚང་མ་བལྟས་ཚར་རྗེས་ང་ཚོ་ཁ་ཤས་འཛིན་ཁང་ནང་ལ་ཕྱིན་ཏེ་གློག་གི་རྩེད་ཆས་ཏོག་ཙམ་རྩེས་པ་ཡིན། ང་ཚོ་གློག་གི་རྩེད་ཆས་རྩེད་དུས་ཚང་མས་བན་ཙེ་
(ཀེ་སཊི་)ཕར་ཚུར་གཡར་རེས་བྱས་པ་ཡིན།

   ཉིན་དགུང་ཞལ་ལག་ལ་ང་ཚོོར་སྣུམ་བསྲེགས་བག་ལེབ་དང་ཞོག་ཁོག་ཁ་ཚ། ཞོ། ཚ་ལུ་མ་བཅས་སྤྲད་གནང་སོང། ང་དེ་ཚོ་ཟ་དུས་ཞིམ་པོ་ཞེ་དྲགས་བྱུང། ང་ཚོ་ཚང་མ་སྡེར་མ་བཀྲུས་ཚར་རྗེས་འཛིན་ཁང་ནང་ཕྱིན་ཏེ་གློག་གི་རྩེད་ཆས་རྩེས་པ་ཡིན།

   ཆུ་ཚོད་བཞི་པ་ཙམ་ལ་ཕྲུ་གུ་ཚང་མ་ནང་ལ་ལོག་ཕེབས་དུས་རྒན་ལགས་ཀྱིས་ང་ཚོ་ལ་རྔན་པ་མང་པོ་གནང་སོང། དེ་རིང་གི་བྱིས་པའི་ཉིན་མོ་དེ་ཧ་ཅང་འཁྲུག་པོ་དང་སྐྱིད་པོ་ཞེ་དྲགས་བྱུང་སོང། རྒན་ལགས་རྣམ་པ་ཚོས་ང་ཚོའི་ཆེད་དུ་སྐུ་ལས་མང་པོ་བསྐྱོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།། །།



1 comment:

ཀུན་དགའ་རྒྱལ་མཚན། said...

ལོ་ཆུང་གི་རྩོམ་བཀླགས་པས་བསྟོད་བསྔགས་བྱེད་འོས་པ་ཞིག་བྲིས་འདུག དཔེ་ཡག་པོ་རེད། མཐེ་བོང་གནམ་ལ་བསླང་གི་ཡིན།