Monday, March 10, 2014

འཚོ་བྱེད་ཀྱི་ཆུ། སྨད་ཆ།

  བུ་དོན་ལྡན་གྱིས་རང་གི་གཅེན་པོ་གཉིས་ཐུག་སྐབས་དགའ་སྤྲོ་ཆེན་པོས་འཚོ་བྱེད་ཀྱི་ཆུ་གང་འདྲ་བྱས་ནས་ལེན་ཐུབ་པ་དང་། ལྷ་མོ་ཞིག་མཉམ་དུ་ཆང་ས་རྒྱབ་རྒྱུ་ཡིན་པའི་སྐོར་ཆ་ཚང་བཤད། ཁོ་ཚོ་རང་གི་རྒྱལ་ཁབ་ཏུ་ལོག་འགྲོ་དུས། རྒྱལ་ཁབ་གཉིས་ཕན་ཚུན་འཐབ་བཞིན་ཡོད་པ་མཐོང་དུས་བུ་དོན་ལྡན་གྱིས་ལམ་སེང་གྲི་ལ་སྨོན་ལམ་བཏབ་པས་དམག་ཞི་བར་འགྱུར་པ་རེད། ཉིན་ཤས་རྗེས་ཁོ་ཚོ་གསུམ་ལུང་པ་སྐྱོ་པོ་ཞིག་ནང་སླེབས་སྐབས་མི་ཚང་མར་ཟ་རྒྱུ་མེད་པར་ལྟོགས་ཤི་ཐེབས་འགྲོ་ཡི་ཡོད་པ་མཐོང་དུས། བུ་དོན་ལྡན་གྱིས་བག་ལེབ་དེ་མར་བཏོན་ནས་སྨོན་ལམ་ཞིག་བརྒྱབ་པས་མུ་གེ་ཐེབས་པའི་ལུང་པ་དེར་མི་ཚང་མར་ཟས་རིགས་ལྡང་ངེས་བྱུང་ནས་མི་གཅིག་ཀྱང་ལྟོགས་པར་ལུས་མེད་པ་རེད།

  ཟླ་གཅིག་རྗེས་བུ་གསུམ་རྒྱལ་ཁང་ནང་སླེབས་པ་དང་བུ་བཀྲ་ཤིས་དང་བུ་དོན་གྲུབ་ཀྱིས་པཱ་ལགས་ལ་འཚོ་བྱེད་ཀྱི་ཆུ་སྤྲད་དུས། བུ་དོན་ལྡན་གྱིས་ཁོ་རང་གི་ཆུ་སྣོད་ནང་འཚོ་བྱེད་ཀྱི་ཆུ་དེ་མེད་པ་ཧ་གོ་སྐབས། བུ་དོན་གྲུབ་ཀྱིས་པཱ་ལགས་ལ། བུ་དོན་ལྡན་གྱིས་ཁྱེད་རང་ལ་དུག་སྤྲད་ནས་ཁོ་རང་རྒྱལ་པོ་བྱ་རྩིས་འདུག་ལབ་དུས། བུ་དོན་ལྡན་ལ་གང་ཡང་ལབ་རྒྱུ་མ་བྱུང་བར་རྒྱལ་པོས་སྲོག་ཁྲིམས་བཏང་པ་རེད། བུ་དོན་ལྡན་བཙོན་ཁང་ནང་བསྡད་སྐབས། བུ་བཀྲ་ཤིས་ཀྱིས་ང་ཚོས་ཁྱེད་རང་གི་ཆུ་བླུགས་སྣོད་དེ་བརྗེ་པོ་བརྒྱབ་པ་ཡིན། ད་ང་གཉིས་གཅིག་གི་ནང་ནས་ལྷ་མོ་དང་ཆང་ས་རྒྱབ་ཀྱི་ཡིན་ལབ་པ་རེད།

  བུ་དོན་ལྡན་གྱི་ཆང་སའི་དུས་ཚོད་ལ་སླེབས་ཡོང་གི་ཡོད་སྟབས། བུ་བཀྲ་ཤིས་དང་བུ་དོན་གྲུབ་ལྷ་མོའི་རྒྱལ་ཁང་ནང་ཕྱིན། རྔོན་པས་བུ་དོན་ལྡན་ཤིང་ནགས་ནང་འཁྲིད་དེ་གསོད་མ་ནུས་པར་བུ་གློད་དུས། བུ་དོན་ལྡན་གྱིས་རྔོན་པ་ལ་ཁྱེད་རང་སྙིང་རྗེ་ཆེན་པོ་འདུག་ལབ་པ་རེད། ཉིན་ཤས་རྗེས་རྒྱལ་པོ་སེར་ཆེན་ལ་ཕྱག་རྟགས་མང་པོ་ཞེ་དྲགས་འབྱོར་པ་དང་དེ་ཚོ་ཚང་མ་བུ་དོན་ལྡན་གྱི་རོགས་པ་བྱས་པའི་ལུང་པ་དེ་ཚོས་བསྐུར་བ་ཡིན་པ་དང། ད་དུང་ཡི་གེའི་ནང་རོགས་རམ་གནང་པའི་སྐོར་ཡང་འཁོད་ཡོད་སྟབས་པཱ་ལགས་ཡིད་ཆེས་དཀའ་བར་འགྱུར་པ་རེད། དེ་ནས་ཡབ་རྒྱལ་པོ་སེར་ཆེན་གྱིས་ཁོ་རང་གི་རྔོན་པ་དེ་སྐད་བཏང་དུས་རྔོན་པས་ངས་བུ་དོན་ལྡན་བསད་མེད། ཁོང་ད་ལྟ་ཤིང་ནགས་ནང་ས་ཆ་གང་རུང་ཞིག་ལ་གསོན་པོར་གནས་ཡོད་ཅེས་ལབ།

  ལྷ་མོའི་ཕོ་བྲང་ནང་། ལྷ་མོས་མོ་རང་གི་གཡོག་མོ་ཚང་མ་ལ་རྒྱལ་ཁང་ནང་འཛུལ་སའི་ལམ་ཁ་ཚང་མ་ལ་གསེར་གཡུག་པ་དང་རྟ་བཞོན་ནས་གསེར་སྒང་ལ་ཡོང་མཁན་དེ་ངའི་ཁྱོ་ག་ཡིན། གཞན་སུ་ཡིན་ཡང་ནང་དུ་བཏང་མི་ཆོག་ཅེས་ལབ། གང་མཚམས་ནས་བུ་དོན་གྲུབ་དང་བུ་བཀྲ་ཤིས་སླེབས་པ་དང་ཁོ་གཉིས་གསེར་གྱི་ལམ་ཁ་མཐོང་དུས་ཁོ་གཉིས་ཀྱིས་བསམ་པར་ང་གཉིས་གོམ་པ་བརྒྱབ་དགོས་ས་རེད་བསམ་ནས། རྟ་ནས་བབས་ཏེ་གོམ་པ་བརྒྱབ་པར་བརྟེན་ལྷ་མོའི་གཡོག་མོ་ཚོས་མི་བཏང་པར་ས་ཆ་གཞན་ལ་གཡུག མཐའ་མ་བུ་དོན་ལྡན་སླེབས་པ་དང་མཉམ་དུ་ཁོས་གསེར་སྒང་ལ་རྟ་བཞོན་གྱིན་བཞོན་གྱིན་ཡོང་པས་ལྷ་མོས་བུ་དོན་ལྡན་ཡིན་པ་ཧ་གོ་སྐབས་དེ་ཉིན་རང་ལ་ཆང་ས་བརྒྱབ།

  ཟླ་ཤས་རྗེས་བུ་དོན་ལྡན་པཱ་ལགས་ཀྱིས་ཁོ་རང་ཐུག་འདོད་བྱུང་ཡོད་པ་ཤེས་པས། ཁོས་རྟ་བཞོན་ཏེ་རྒྱལ་ཁང་ནང་ཡབ་རྒྱལ་པོ་སེར་ཆེན་ཐུག་པར་ཕྱིན། བུ་དོན་ལྡན་གྱིས་པཱ་ལགས་ལ་གནས་ཚུལ་དྲང་པོ་ཞུས་དུས་པཱ་ལགས་ཀྱིས་ཡག་པོའི་ངང་ཉན་པས་གནས་ཚུལ་ཚང་མ་གསལ་པོ་ཤེས་སྐབས་བུ་དོན་གྲུབ་དང་བུ་བཀྲ་ཤིས་གཉིས་ལ་ཉེས་ཆད་གཏོང་དགོས་དྲན། འོན་ཀྱང་ཉེས་ཆད་མ་བཏང་གོང་ནས་ཁོ་གཉིས་བྲོས་ཚར་པར་བརྟེན། བུ་དོན་ལྡན་དང་ལྷ་མོ་གཉིས་ཀྱིས་རྒྱལ་ཁབ་ཡག་པོ་བསྐྱངས་པས། ལུང་པའི་ནང་མི་ཚང་མར་ན་ཚ་མེད་པར་ཆགས་ཏེ་ཚང་མར་དགའ་སྐྱིད་ངང་གནས་སོ།། །།




No comments: