Sunday, July 17, 2016

ཉིན་ཐོ། ༢༠༡༦།༧།༡༦

༄༅།། ཉིན་དེ་ནི་དམིགས་བསལ་ཡིན། ཉིན་དེར་ང་དང་ངའི་ནང་མི་ཚོ་ནམ་རྒྱུན་དང་མི་འདྲ་བར་སྐྱིད་པོ་བཏང་པ་ཡིན། བྱས་ཙང་ངས་ཉིན་དེ་ཡི་ཉིན་ཐོ་འདི་བྲིས་པ་ཡིན་ནོ།།

ཉིན་དེའི་ཞོགས་པ་ངའི་ཕ་མ་གཉིས་ཀྱིས་ང་དང་། ངའི་ཨ་ཅག་ལ་ཡར་ལངས་མང་པོ་གསུངས་སོང་། ཡིན་ནའི་ཨ་ཅག་ང་གཉིས་ཉོབ་ཏོ་དང། མཚམས་རེ་ལེ་ལོ་ཡིན་པས། ཉལ་ཆས་ནང་སྐྱིད་པོའི་ངང་ཉལ་བསྡད་པ་ཡིན། མ་ཟད། ཉལ་ཆས་ནང་དྲོ་པོ་ཡོད་པ་དང་། ཕྱི་ལ་གྲང་མོ་ཡོད་པས། ཉལ་ཆས་ནང་བསྡད་པ་ཡིན།

ཡིན་ནའི་སྐར་མ་ཁ་ཤས་རྗེས་ལ་ངའི་ཨ་ཅག་ལགས་ཉལ་ཆས་ནང་ནས་མར་ཐོན་སོང་བས། ང་ཡང་ཉལ་ཆས་ནས་མར་ཐོན་པ་ཡིན། དེ་ནས་ངའི་ཨ་མ་ལགས་ཀྱིས་ང་ལ་ནམ་རྒྱུན་ཕྱི་ལོགས་ལ་འགྲོ་དུས་གོན་པའི་དུག་སློག་གནང་བས། ངའི་བསམ་བློའི་ནང་དེ་རིང་ང་ཚོ་ཕྱི་ལོགས་ལ་འགྲོ་ཡ་རེད་འདུག་དྲན་པ་མ་ཟད། མདང་དགོང་པཱ་ལགས་ཀྱིས་ང་ཚོར་དེའི་སྐོར་གསུང་སྟེ་གྲོས་བསྡུར་གནང་བ་ཡང་དྲན་སོས་བྱུང་།མ་གཞི་དེ་རིང་པཱ་ལགས་ལ་ཚོགས་འདུ་ཞིག་ཡོད་ཀྱང་། ཁོང་གིས་ང་ཚོའི་མཉམ་དུ་དུས་ཚོད་གཏོང་ཆེད། ཚོགས་འདུ་དེ་ནས་དགོངས་པ་ཞུས་པ་རེད། དེ་ནས་ང་ཚོ་ཞོགས་ཇ་བཟས་པ་ཡིན། ཞོགས་ཇ་རྗེས་ལ་ངའི་པཱ་ལགས་ཀྱིས་དེ་རིང་ང་ཚོ་ལ་གདམ་ཀ་ཁ་ཤས་ཡོད། གྲོང་ཁྱེར་ལི་ཝར་པུར་ལ་འགྲོ་འདོད་ཡོད་ན། དེ་ལ་རྒྱ་གར་གྱི་རྔན་པ་ཞིམ་པོ་མང་པོ་ཡོད། ཀབ་ར་མ་ཏ་ཞེས་པ་ལ་འགྲོ་འདོད་ཡོད་ན་དེ་ལ་རྒྱ་གར་གྱི་ཁ་ལག་ཞིམ་པོ་ཡོད། དེ་མིན་སིད་ཎི་གྲོང་ཁྱེར་གྱི་རོའོ་ཡལ་སྐྱེད་ཚལ་གླིང་ནང་འཆམ་འཆམ་ལ་ཕྱིན་ན་རྩི་ཤིང་གི་རིགས་མང་པོ་ཡོད། རྒྱ་གར་གྱི་ཁ་ལག་དང་རྒྱ་མིའི་ཁ་ལག་ཀྱང་ཡག་པོ་ཡོད་རེད་གསུངས་སོང་། ང་ཚོས་སིད་ཎི་ནང་གི་རོའོ་ཡལ་སྐྱེད་ཚལ་གླིང་ལ་འགྲོ་རྒྱུ་བྱས་པ་ཡིན།

པཱ་ལགས་ཀྱིས་འགྲོ་སྟངས་དང་ཉིན་གུང་ཁ་ལག་ག་པར་བཟའ་དགོས་མིན་ང་ལ་ཞིབ་འཇུག་བྱས་ནས་འཆར་གཞི་བཟོས་གསུངས་བྱུང་་། དེ་ནས། ངས་ནམ་རྒྱུན་ནང་བཞིན་སོ་བཀྲུས། གདོང་པ་
བཀྲུས་པ་ཡིན། དེ་ནས་ངས་གད་སྙིགས་རྣམས་གཡུག་པ་ཡིན། སྐར་མ་བཅུ་ཙམ་རྗེས་ལ་ངས་འཕྲུལ་འཁོར་(Ipad)སྤྱད་དེ། སིད་ཎི་ནང་གི་རྒྱ་གར་གྱི་ཟ་ཁང་ཡག་པོ་ཁ་ཤས་བཙལ་པ་ཡིན། དེ་ནས་ང་ལ་ཟ་ཁང་ཞིག་བརྙེད་སོང། རྒྱ་གར་ཟ་ཁང་དེ་མིང་ལ་(Masala Bowl)ཟེར་གྱི་འདུག དྲ་རྒྱའི་ནང་བྲིས་པ་ནང་བཞིན་བྱས་ན་ཟ་ཁང་དེའི་ནང་མི་མང་པོས་ཁ་ལག་བཟས་པ་དང། དེ་ལ་ཁ་ལག་བཟའ་མྱོང་མཁན་ཧ་ཅང་མང་པོས་རྒྱ་གར་ཟ་ཁང་དེ་ཡག་པོ་བརྩིས་ཀྱི་འདུག ངས་པཱ་ལགས་ལ་ཟ་ཁང་འདི་འདྲ་ཞིག་འདུག དེ་ལ་འགྲོ་སྟངས་ཀྱང་སྟབས་བདེ་པོ་འདུག་ཅེས་ཞུས་པ་ཡིན། པཱ་ལགས་ཀྱིས་ཟ་ཁང་ཡག་ཉེས་གཅིག་པུ་མ་ཡིན་པར། ཁ་ལག་གི་རིན་གོང་ལ་ཡང་ལྟ་དགོས་གསུངས་བྱུང་། ངས་རིན་གོང་ལ་བལྟས་པས་གོང་ཆེ་མ་དྲགས་པ། ཆུང་ཆུང་ཡང་མིན་པ། ཡག་པོ་འདུག དེ་ནས་ང་ཚོ་འགྲོ་རྩིས་བྱས་པ་ཡིན།

ང་ཚོའི་འཆར་གཞི་ནི་སྟབས་བདེ་པོ་རེད། མེ་འཁོར་ནང་ཕྱིན་ཏེ་རོའོ་རལ་སྐྱེད་ཚལ་གླིང་ལ་ཕྱིན།
ཆུ་ཚོད་ཁ་ཤས་འཆམ་འཆམ་བྱས། དེ་ནས་ཟ་ཁང་དེ་ལ་ཉིན་གུང་ཁ་ལག་བཟའ་རྒྱུ་བཅས་རེད། བྱས་ཙང་ང་ཚོ་ནང་ནས་མར་ཐོན་ནས། ས་གནས་ཀྱི་མེ་འཁོར་བབས་ཚུགས་ལ་ཕྱིན། སྐར་མ་ཁ་ཤས་ལས་མ་སོང་བར་མེ་འཁོར་སླེབས་སོང་བས། དེའི་ནང་སོང་སྟེ་བབས་ཚུགས་Circula Quay)ཟེར་པ་དེ་ལ་བབས་པ་ཡིན། དེ་ནས་ང་ཚོ་མཛེས་སྡུག་ལྡན་པའི་ཟློས་གར་ཁང་ཨོ་ཕི་ར་ཞེས་པ་བརྒྱུད་ནས་སྐྱེད་ཚལ་གླིང་ལ་ཕྱིན་པ་ཡིན།

ང་ཚོ་གླིང་ཁ་ནང་ལ་སྐྱིད་པོ་བྱས་འཆམ་འཆམ་བྱས་པ་ཡིན། མཚམས་མཚམས་ལ་པར་དེ་འདྲ་
ཡང་བརྒྱབ་པ་ཡིན། གལ་ཆེ་ཤོས་རྩི་ཤིང་གི་རིགས་ཧ་ཅང་མང་པོ་མཐོང་སོང་། ད་དུང་ཨོ་སི་ཊོ་ལི་ཡར་མི་རིགས་དཀར་པོ་སླེབས་རྗེས་བཏབས་པའི་ཞིང་ཁ་དང་པོ་དེ་ཡང་མཐོང་བྱུང་། སྐལ་བ་
བཟང་བ་ཞིག་ལ་ང་ཚོས་འཛམ་གླིང་ནང་ཞེ་དྲག་དཀོན་པོ་ཡིན་པའི་ཤིང་སྡོང་ཞིག་ཀྱང་མཐོང་བྱུང་། འགྲེལ་བཤད་ནང་བྲིས་པ་དེ་བདེན་པ་ཡིན་ན། ཤིང་སྡོང་དེ་འདྲ། འཛམ་གླིང་ནང་ལ་བཅུ་གཉིས་ལས་མེད་པ་རེད་འདུག སྐྱེད་ཚལ་གླིང་གི་ཟུར་ཞིག་ཏུ་བྱེ་ཐང་གི་རྩི་ཤིང་ཡང་མང་པོ་འདུག དེ་ཚོར་ལྟ་དུས་བྱིའུ་སྙིང་རྗེ་མོ་དེ་འདྲ་ཡང་མང་པོ་མཐོང་བྱུང་།

དེ་རྗེས་ང་ཚོ་སྐྱེད་ཚལ་གླིང་ཁ་ནས་མར་ཐོན་ཏེ་རྒྱ་གར་གྱི་ཟ་ཁང་ལ་ཕྱིན་པ་ཡིན། ཟ་ཁང་དེ་སིད་ཎི་གྲོང་ཁྱེར་གྱི་ས་ཆ་འཁྲུག་ས་ཞིག་ལ་འདུག ཟ་ཁང་ནང་ལ་ཁ་ལག་མང་པོ་འདུག་སྟེ། ང་ཚོས་
ཟས་ཐོ་ལ་ལྟ་དུས་སྡེར་མ་གཅིག་གི་ནང་ཁ་ལག་རིགས་མང་པོ་ཡོད་པ་དེ་མངགས་ན་ཡག་པོ་ཡོད་པ་མཐོང་བྱུང་། བྱས་ཙང་ངའི་ཨ་ཅག་ལ་ཤ་མེད་སྡེར་མ་མངགས་པ་ཡིན། པཱ་ལགས་དང་ཨ་མ་ལགས། ང་བཅས་ལ་ཤ་ཡོད་སྡེར་མ་མངགས་པ་ཡིན། ད་དུང་ཤིང་ཏོག་ཨ་མྲ་བསྲེས་པའི་ད་ར་ཡང་འདུག་པས་ང་དང་ཨ་ཅག་ལགས་ལ་རེ་རེ་མངགས་པ་ཡིན། པཱ་ལགས་དང་ཨ་མ་ལགས་ནི་རྒྱ་གར་གྱི་ཇ་མངར་མོ་མངགས་སོང་། དེ་ནས་ང་ཚོས་ཁ་ལག་ལྷོད་ལྷོད་བྱས་བཟས་པ་ཡིན། ཁ་ལག་ཞིམ་པོ་ཞེ་དྲག་འདུག ངས་བཙལ་བའི་རྒྱ་གར་གྱི་ཟ་ཁང་ཡག་པོ་ཡོད་པས། ངའི་པཱ་ལགས་མཉེས་པོ་བྱུང་བ་མ་ཟད། ང་ལ་ཡག་པོ་ཞིག་བཙལ་འདུག རྗེས་མ་འདི་ལ་ཡང་ཡང་ཡོང་གི་ཡིན་གསུངས་བྱུང་། ཡིན་ན་ཡང་ཇ་མངར་མོ་དེ་ཞིམ་པོ་དེ་ཙམ་མི་འདུག་ཟེར།

དེ་ནས་ང་ཚོ་གྲོང་ཁྱེར་ནང་གི་ཚོང་ཁང་ཁ་ཤས་ལ་ཕྱིན་པ་ཡིན། ཞོར་ལ་ཚལ་གྱི་རིགས་འདྲ་མིན་ཚོང་སར་ཕྱིན་ནས་ཚལ་དང་ཤིང་ཏོག་མང་པོ་ཉོས་པ་ཡིན། ནང་ལ་སླེབས་དུས་ཏག་ཏག་ཕྱི་དྲོའི་ཆུ་ཚོད་ ༥ པ་རེད།།


5 comments:

ཁྱུངཿསྨོན་ལམ། said...
This comment has been removed by the author.
ཁྱུངཿསྨོན་ལམ། said...

ཐོག་མར་བུ་བསྟན་འཛིན་འཕྲིན་ལས་ལགས་སུ་འཚམས་འདྲི་ཞུ་བ་དང་ཆབས་ཅིག་ཁྱེད་ཀྱི་ཟིན་བྲིས་སུ་བཀོད་གནང་བའི་རྩོམ་ཡིག་རྣམས་རེ་རེ་བཞིན་བལྟ་ཀློག་བྱེད་ཀྱི་ཡོད། རྩོམ་ཡིག་རྣམས་ཡག་པོ་འདུག དམིགས་བསལ་ད་ལན་གྱི་ཉིན་ཐོ་དེ་དཔེ་ཡག་པོ་བྲིས་འདུག ཕ་བཟང་བུ། མུ་མཐུད་ཤུགས་བསྐྱོན་ཨ།

Anonymous said...

hi thiley i am tenzin chimi

Anonymous said...

hi thiley i am tenzin chimi

Anonymous said...

how are you?