Tuesday, July 24, 2012

བུ་ཉི་མས་དོན་གྲུབ་ལ་མགོ་སྐོར་བཏང་བ།


༄༅།། གནའ་སྔ་མོ་བུ་ཉི་མ་ཟེར་བ་ཞིག་ཡོད། ཉིན་ལྟར་དོན་གྲུབ་ཀྱིས་ཁོ་ལ་མགོ་སྐོར་གཏོང་གི་ཡོད། ཉིན་མ་གཅིག་ཁོས་བསམ་བློ་བཏང་ནས་འཕྲུལ་འཁོར་རྫུན་མ་གཅིག་བཟོས་པ་རེད། འཕྲུལ་འཁོར་དེའི་མིང་ལ་མེ་སྒྱོགས་ཟེར། དེ་རྗེས་ཁོས་ཁོར་རང་གི་གྲོགས་པོ་སྐད་བཏང་བ་རེད། ཁོས་གྲོགས་པོ་དེ་ལ་ཤིང་སྡོང་སྐམ་པོ་མང་པོའི་འོག་ལ་འབར་རྫས་བཞག་པ་དང་མཉམ་དུ་མེ་སྤར་སའི་ཐག་པ་ཡང་འཁྲིད་ལབ་པ་རེད། དེ་ནས་ཁོའི་གྲོགས་པོ་དེ་མགྱོགས་མྱུར་ངང་ཕྱིན་ནས་ཁོས་ལབ་པ་རྣམས་བྱས་པ་རེད། དེ་ནས་ཁོ་གཉིས་ངལ་གསོ་བརྒྱབ་པ་རེད། ཆུ་ཚོད་ ༡ གི་རྗེས་ལ་ཁོའི་གྲོགས་པོ་དེས་ཐག་པ་དེ་ལ་མེ་སྤར་ཆེད་གྲ་སྒྲིག་བྱས་པ་རེད།

དེ་རྗེས་ཉི་མས་དོན་གྲུབ་སྐད་བཏང་བ་རེད། དོན་གྲུབ་སླེབས་དུས་ཁོས་དེར་བལྟ་དང་ལབ་པ་རེད། དེ་ནས་མེར་སྒྱོགས་དེ་བཏོན་ནས་ཤིང་སྡོང་སྐམ་པོ་ལ་རྫུན་མ་བརྒྱབ་པ་རེད། དེ་དུས་ལམ་སང་ཁོའི་གྲོགས་པོ་དེས་ཐག་པ་ལ་ལྐོག་ཏུ་མེ་སྤར་བས་ཤིང་སྡོང་སྐམ་པོའི་འོག་གི་འབར་རྫས་རྣམས་འབར་བ་རེད།

དེ་མཐོང་དུས་དོན་གྲུབ་ཧང་སངས་པ་རེད། དོན་གྲུབ་ཀྱིས་འཕྲུལ་འཁོར་དེ་ཧང་སངས་ཡས་ཡག་པོ་འདུག དེས་ང་ལ་བཙོང་གནང་དང་ལབ་པ་རེད། ཉི་མས་ཁྱེད་རང་ལ་དེ་དགོས་ན་ང་ལ་དངུལ་ ༡༠༠༠ སྤྲད་དགོས་ལབ་པ་རེད། ཆུ་ཚོད་གཅིག་གི་རྗེས་ལ་དོན་གྲུབ་ཀྱིས་དངུལ་ ༡༠༠༠ འཁྱེར་ནས་ཡོང་བ་རེད། དེ་ནས་ཉི་མས་བཙོང་བ་རེད།

སང་ཉིན་དེར་ཁོས་བེད་སྤྱོད་བཏང་སྐབས་འཕྲུལ་འཁོར་རྫུན་མ་དེ་ལམ་སང་འཕྲོ་བརླག་ཕྱིན་པ་རེད། དེ་ནས་དོན་གྲུབ་ལ་མགོ་སྐོར་ཐེབས་པ་རེད། །རྫོགས་སོ།། །།

2 comments:

Unknown said...

ལོ་ན་བརྒྱད་ལས་མ་ལོན་པའི་བུ་བསྟན་འཛིན་འཕྲིན་ལས་ལགས། ཁྱེད་ཀྱི་ཡི་གེ་བྲིས་སྟངས་དང་བརྗོད་བྱ་རྣམས་ལ་ང་ཧང་སང་སོང་། དུས་རབས་ཉེར་གཅིག་འདིའི་ནང་ལོ་ན་བརྒྱད་ལས་མ་སོན་པའི་བྱིས་པ་དྲ་རྒྱའི་སྟེང་ཟིན་བྲིས་མཁན་ཁྱེད་རང་ལས་མ་མཐོང་། སེམས་ཤུགས་སྔར་ལས་ལྷག་པ་འཕེལ་ཏེ་མུ་འཐུད་ཟིན་བྲིས་བཏབ་སྟེ་བོད་པའི་སྤྱི་ཚོགས་ནང་མིག་དཔེ་སྟོན་ས་བྱེད་དགོས་པ་ཡིན། ཁྱེད་རང་ལྟ་བུས་དྲ་སྟེང་དུ་ཟིན་བྲིས་སྤེལ་དུས་ང་ནི་དེ་བས་སྔར་ལས་ལྷག་པའི་སེམས་ཤུགས་འཕེལ་ཡོང་གིས་འདུག ང་ལ་ཟིན་བྲིས་བཏབ་པའི་ནུས་པ་དང་། བོད་ཡིག་གི་ཤེས་ཚད་ཧ་ཅང་སྐྱོ་པོ་ཡོད་སྟབས་ཁྱེད་ལ་སློབ་དགེ་སྤྲོད་རྒྱུའི་ནུས་པ་མེད། ཡིན་ཡང་ཁྱེད་ལ་སྐབས་རེ་སྐད་ཆ་འདྲ་ཤོད་རེས་དང་། བསམ་ཚུལ་བརྗེ་ལེན་བྱེད་པར་ཁྱེད་ཀྱི་ཟིན་བྲིས་སུ་ཡང་ཡང་ཡོང་ངེས་ཡིན། ག་ལེར་བཞུགས་འཕྲིན་ལས་ལགས། ང་ཚོ་ཡང་བསྐྱར་མཇལ་ཡོང་།

ཛམ་གཡུ་སྤེན་ཚེ། said...

བསྟན་འཛིན་འཕྲིན་ལས་ལགས།
བཀྲིས་བདེ་ལེགས།
དེ་རིང་ང་ལ་ཁྱེད་རང་གི་ཟིན་བྲིས་བཀླགས་རྒྱུའི་དུས་ཚོད་ཐོབ་སོང་། ངས་ཁྱེད་རང་གི་ཟིན་བྲིས་འདི་ཀློག་སྐབས་ངོ་མ་ཁ་སྔོན་ཁྱེད་ཀྱིས་ཝིཨཽཨེ་ཨ་རིའི་རླུང་འཕྲིན་ཁང་གི་དྲ་ནང་གི་བོད་ཞེས་པའི་ནང་ཁྱེད་ལ་འདྲི་བ་དྲིས་ལན་བྱས་པའི་ལེ་ཚན་དེའི་སྐབས་ཁྱེད་ཀྱིས་ཁྱེད་རང་གི་རྩོམ་ཡིག་དགའ་ཤོས་ཁྱི་ནག་རིལ་འདི་ཀློག་པ་ཐོས་སོང་ལ། དེ་རིང་ངས་ཡང་ཁྱེད་རང་གི་བུ་ཉི་མས་དོན་གྲུབ་ལ་མགོ་སྐོར་བཏང་བའི་སྒྲུང་འདི་ཀློག་སྐབས། ཁྱེད་ལ་ཁྱེད་རང་གི་སྐད་ཆའི་འགྲོས་དང་མཐུན་པའི་རྩོམ་ཡིག་གི་འགྲོས་ཤིག་ཡོད་པ་ཚོར་སྣང་ཞིག་ང་ལ་སྤྲད་སོང་། དེ་ལ་ང་ཚོས་རྩོམ་འགྲོས་ཟེར་གྱི་རེད། ཁྱེད་ཀྱིས་སྐད་ཆ་བཤད་པའི་སྐབས་དང་རྩོམ་ཡིག་འབྲི་བའི་སྐབས་འགྲོས་གཉིས་ཀ་མཐུན་ཚུལ་འདིར་བལྟས་ན་ཕལ་ཆེར་ཁྱེད་རང་ལ་ལྷན་སྐྱེས་ཀྱི་རྩོམ་ནུས་ཤིག་ཡོད་པའི་སྣང་བ་བྱུང་། དེ་རིང་གི་བརྗོད་གཞི་དེ་ཆེན་པོ་རེད་ཟེག་ཆོག་ལ་ཆུང་ཆུང་རེད་ཀྱང་ཟེར་ཆོག འོན་ཀྱང་སྒྲུང་དེའི་ནང་ཁྱེད་ཀྱི་བསམ་ཚུལ་ཆ་ཚང་སླེབས་མི་འདུག ངས་བྱས་ན་ཁྱེད་ཀྱིས་དེ་ལས་ལྷག་པ་འབྲི་ཐུབ་ཀྱི་རེད། དེར་བརྟེན་ད་དུང་འབད་བརྩོན་མང་ཙམ་བྱེད་རོགས། རྩོམ་ཡིག་སྙིང་རྗེ་པོ་ཁྱེད་རང་གིས་འབྲི་ཤེས་ཀྱི་འདུག་ལ། རྩོམ་ཡིག་ཤ་ཚ་པོའང་ཁྱེད་རང་གིས་འབྲི་ཤེས་ཀྱི་འདུག ད་དུང་འབད་བརྩོན་བྱེད་རོགས་གནང། བརྗོད་གཞི་དེ་ལྟ་བུ་ཞིག་གི་སྟེང་ཁྱེད་རང་འདྲ་བའི་བྱིས་པ་ཆུང་ཆུང་ཞིག་གི་ལོ་ཚོད་དང་བསམ་བློའི་ནུས་པ་བཅས་ཀྱི་ཐོག་ནས་བཤད་ན་ངས་ཁྱེད་ལ་ཡག་པོ་ཞེ་དྲག་འདུག་ཞེས་ཞུ་འདོད་བྱུང་།
ཐུགས་རྗེ་ཆེ།