Monday, July 2, 2012

ཉིན་ཐོ། ༢༠༡༢།༧།༡

༄༅།། ཞོགས་པ་ཕལ་ཆེར་ཆུ་ཚོད་ ༨ ཙམ་ལ་ལངས་ནས་དབྱིན་ཇིའི་སྒྲུང་དེབ་(Wendy The fox)ཀློག་པ་ཡིན། དེ་ནས་བརྙན་འཕྲིན་ཏོག་ཙམ་བལྟ་བ་ཡིན། ངའི་ཨ་མ་ལགས་ཕྱག་ལས་རྣམས་ཚར་བས་ང་ཚོས་བག་ལེབ་བཟས་པ་ཡིན། ངས་ཁ་ལག་མགྱོགས་པོ་བཟས་ཚར་དུས་གཟུགས་པོ་བཀྲུས་པ་ཡིན། ང་གཟུགས་པོ་བཀྲུས་ཚར་བ་དང་པཱ་ལགས་ཀྱིས་ང་ལ་སོ་བཀྲུས་ཀྱི་མིན་པས་གསུངས་སོང་། ངས་དྲན་པ་བརྗེད་པའི་རྐྱེན་གྱིས་ཡང་བསྐྱར་གསང་སྤྱོད་ནང་འཛུལ་ནས་སོ་བཀྲུས་དུས་ནང་མི་ཚང་མ་སོ་བཀྲུས་སོང་།


ང་སོ་བཀྲུས་ཚར་རྗེས་ཤེས་བྱ་བྱིས་པའི་དགའ་བསྐྱེད་ཀྱི་ནང་ནས། བར་སྣང་འདུ་ཁང་ཀློག་པ་ཡིན། སྐར་མ་ཁ་ཤས་རྗེས་ལ་ང་ཚོ་གསུམ་(pink house)ལ་སྐུ་ཞབས་བློ་བཟང་སྨོན་ལམ་ལགས་སྐད་བཏང་བར་ཕྱིན་པ་ཡིན། པཱ་ལགས་དང་ཨ་མ་ལགས་ཀྱིས་ང་ལ་སྐུ་ཞབས་སྨོན་ལམ་སྐད་བཏང་གསུང་སོང། ངས་སྐད་བཏང་བ་ཡིན། སྐུ་ཞབས་སྨོན་ལམ་སྐད་བཏང་དུས་སྐུ་ཞབས་གཞན་དག་ཅིག་དང་མཉམ་དུ་འདུག ཁོང་བླ་མ་རེད་ཟེར་གྱི་འདུག །


སྐུ་ཞབས་སྨོན་ལམ་ལགས་ཀྱིས་ངས་ངོ་གདོང་གཅིག་བཀྲུས། དུག་ལོག་བརྗེས་ནས་ཡོང་གི་ཡིན་ལབ་བྱུང་བས་ངས་ཨ་མ་ལགས་དང་པཱ་ལགས་སྐད་བཏང་བ་ཡིན། དེ་ནས་ཆུ་ཚོད་ཕྱེད་ཀ་ཙམ་སྐུ་ཞབས་སྨོན་ལམ་ལགས་ཀྱི་བཞུགས་སའི་བར་ཁྱམས་ལ། ཇ་འཐུང་བཞིན་སྐད་ཆ་བཤད་ནས་བསྡད་པ་ཡིན། ཚོུད་ཕྱེད་ཀའི་རྗེས་ལ་ང་ཚོ་གླིང་སྐོར་ནས་ཕྱིན་ནས་མེག་ལོག་གྷན་ཇི་(Mcleod Ganj)ལ་སླེབས།


དེ་ནས་ལམ་བར་དུ་སྐུ་ཞབས་བཀྲ་ཤིས་ལགས་བསུ་བར་ཕེབས་སོང་། དེ་ནས་ཁོང་གིས་ལམ་འཁྲིད་པ་ལྟར་ཀིརྟི་དགོན་པ་ལ་ཕྱིན་ནས་སྐུ་ཞབས་རེ་མདོ་སེང་གེའི་ཤག་ལ་སླེབས། སྐུ་ཞབས་དེའི་ནང་ལ་ང་ཚོས་སྐྱུར་ཚལ་དང་ཤ་བསྲེས་པའི་མོག་མོག་ཞིམ་པོ་ཞིག་བཟས་པ་ཡིན། ང་ཚོ་ཚང་མ་སྐྱིད་པོ་བྱུང་། ངས་མོག་མོག་བཟས་ཚར་པ་དང་Gameboy བརྩེས་པ་ཡིན། ད་དུང་ཞལ་ལག་བཟས་ཚར་རྗེས་ང་ཚོ་ལ་སྐུ་ཞབས་ལགས་ཀྱིས་བོད་ནང་ནས་ནས་འབྲུས་བཟོས་པའི་ཞལ་ཏོག་དམིགས་བསལ་ཞིག་ཀྱང་སྤྲད་བྱུང་།


དྷ་རམ་ཀོ་ཌིའི་ཐོད་ནས་བརྒྱབ་པའི་པར། པར་པ་ཆུང་ཚེ་རིང་། ༢༠༡༢།༧།༡
དེ་ནས་ཆུ་ཚོད་གཅིག་ལྷག་གི་རྗེས་ལ་ང་ཚོ་གོམ་པ་བརྒྱབ་ནས་རྡ་རམ་ཀོ་ཌ་ལ་ཕྱིན་པ་ཡིན། རྡ་རམ་ཀོ་ཌ་ཡི་ཤིང་ནགས་བརྒལ་ནས་ལམ་ཁ་གསར་པ་གཅིག་ནས་ཕྱིན་པ་ཡིན། མ་ཕྱིན་གོང་སྐུ་ཞབས་སྨོན་ལམ་ལགས་ཀྱིས་ང་ཚོ་ལ་དཀའ་ལས་མ་ཁག་པའི་ཆུ་གཅིག་རེ་སྤྲད་སོང་། ངས་དེ་དལ་པོའི་ངང་བཏུང་པ་ཡིན། དེ་བཏུང་ཚར་པ་དང་ས་ཆ་གཅིག་ལ་སླེབས་སོང་། དེ་ནས་ལམ་ཁ་གསར་པ་ནས་ཕྱིན་ནས་པི་ཛ་ཟ་ཁང་ལ་སླེབས་སོང་། པི་ཛ་ཟ་ཁང་ནས་པི་ཛ་གསུམ་མངགས་པ་ཡིན།


པི་ཛ་གསུམ་པོ་བཟས་ཚར་རྗེས་ཨ་མ་ལགས་དང་ང་གཉིས་ཟྭ་པོ་བཀོག་པར་ཕྱིན་པ་ཡིན། ཟྭ་པོ་ཏོག་ཙམ་བཀོག་ཚར་རྗེས་བྷག་སུ་ལམ་ཁ་ལ་འགྲོ་དུས་རྒྱ་གར་བུ་མོ་གཅིག་གིས་ཟྭ་པོ་བཀོག་པ་མཐོང་སོང་། རྒྱ་གར་བུ་མོ་དེ་ལ་པཱ་ལགས་ཀྱིས་ཁྱེད་ཚོས་དེས་ག་རེ་བཟོས་ཀྱི་ཡོད་ལབ་པས་རྒྱ་གར་བུ་མོ་དེས་ཟྭ་པོ་དེ་བག་ལེབ་དང་འབྲས་མཉམ་དུ་བཟའ་ཡི་ཡོད་ལབ་སོང་། ད་དུང་སྐྲན་ནད་ཀྱི་སྨན་དེ་ཟྭ་པོས་བཟོས་ཀྱི་རེད་ལབ་སོང་། རྒྱ་གར་བུ་མོ་དེས་ང་ཚོར་ཟྭ་པོ་འགོག་ཆས་སྐམ་པ་ཞིག་གཡར་བྱུང་བས། ང་ཚོས་ཟྭ་པོ་མང་པོ་བཀོག་པ་ཡིན།


སྐར་མ་ཁ་ཤས་རྗེས་ལ་བྷག་སུ་ལ་སླེབས་སོང། བྷག་སུ་ནས་མེག་ལོག་གྷན་ཇི་ལ་ཕྱིན་པ་ཡིན། མེག་ལོག་གྷན་ཇིའི་ཇ་བཏུང་ས་ནས་ཇ་གཅིག་དང་ད་ར་བཞི་བཏུང་པ་ཡིན། དེ་ནས་སྐུ་ཞབས་རེ་མདོ་སེང་གེ་ཤག་ལ་ཕེབས་སོང་། གངས་སྐྱིད་ལ་འགྲོ་དུས་ཡང་སྐུ་ཞབས་སྨོན་ལམ་ནང་ལ་ཕེབས་སོང་། ཡང་གངས་སྐྱིད་ཚོང་ཁང་ནས་ཡི་ཙི་ཉོས་པ་ཡིན། ནང་ལ་སླེབས་དུས་ཆུ་གཅིག་བཏུང་པ་དང་སྐར་མ་ ༢༠ ཙམ་ངལ་གསོ་བརྒྱབ་པ་ཡིན། དེ་ནས་གཟུགས་པོ་བཀྲུས་པ་ཡིན། གཟུགས་པོ་བཀྲུས་ཚར་རྗེས་ཉིན་ཐོ་བྲིས་པ་ཡིན། དེ་རིང་དཔེ་སྐྱིད་པོ་བྱུང་།། །།

3 comments:

ཛམ་གཡུ་སྤེན་ཚེ། said...

བསྟན་འཛིན་འཕྲིན་ལས་ལགས།
ང་ནི་ཁྱེད་ཀྱི་པ་ལགས་དང་ཁྱེད་ཀྱིས་ངོ་མ་ཤེས་པའི་གྲོགས་པོ་ཞིག་ཡིན། ངས་དུས་ཚོད་སྟོང་པ་ཡོད་ཚད་ལ་ཁྱེད་དང་ཁྱེད་རང་གི་པ་ལགས་ཀྱིས་ཟིན་བྲིས་ཀློག་གི་ཡོད། དེ་རིང་ངས་ཁྱེད་རང་གི་ཟིན་བྲིས་འདི་བཀླགས་རྗེས་ངའི་སེམས་ལ་བུ་ཡག་པོ་ཞིག་དང་། པ་ལགས་དང་། ཨ་མ་ལགས། དེ་བཞིན་རྒན་ལགས་སོགས་ཀྱི་གཞལ་ལ་ངན་པོ་བྱེད་མཁན་གྱི་བུ་ཆུང་ཆུང་ཞིག་ཏུ་མཐོང་སོང་བས་དགའ་སྤོབས་ཆེན་པོ་བྱུང་། མ་འོངས་པར་ཁྱེད་ཀྱི་ཉིན་ཐོ་འབྲི་སྐབས་ངེས་པར་དུ་དེ་རིང་བཞིན་གནས་ཚུལ་གསར་པའི་རིགས་ལ་གཙོ་སྟོན་གནང་ཐབས་བྱེད་དགོས། དེ་མིན་སྙན་པོ་འདུག་ལ་བྱིས་པ་ཞིག་གི་མཐོང་ཐོས་སོགས་བཀོད་ཐུབ་ཁོ་ནས་གཟི་བརྗིད་རེད།
ཐུགས་རྗེ་ཆེ།
ཁྱེད་ཀྱི་ཆ་བརྒྱུད་མེད་པའི་གྲོགས་པོ་ནས།

Anonymous said...

ཁྱོད་ལ་ཡིད་སྨོན་བྱེད།

Anonymous said...

ངས་ཁྱེད་ཀྱིས་ཟིན་བྲིས་འདི་འདྲ་ཞིག་སྤེལ་གྱིན་ཡོད་པ་སྔོན་ཆད་དྲ་ནང་གི་བོད་ལེ་ཚན་ནས་ཤེས་སོང་། ཡིན་ཡང་། སྐབས་དེར་དངོས་སུ་ལྟ་ཐུབ་མ་སོང་། དེ་རིང་གཞི་ནས་མཐོང་སོང་། ད་རིང་ནས་བཟུང་ངས་ཁྱེད་ཀྱིས་སྤེལ་བཞིན་པའི་ཟིན་བྲིས་རྣམས་བཀླག་ངེས་ཡིན། དཔེ་ཡག་པོ་འདུག ཐེ་བོ་ཤེས་རབ་རྒྱ་མཚོ་ནས།