Friday, August 24, 2012

ཨ་ཅག་ལགས་ཐུག་འཕྲད།

མ་སུ་རིའི་ལྷ་གསོལ་རིའི་རྩེ་ལ་ཨ་མ་ལགས་དང་པཱ་ལགས། ཨ་ཅག་ལགས། ང་བཅས།
 ༄༅།། ང་ཚོ་ཨ་ཅག་ནོར་འཛིན་ལགས་ཐུག་པར། སྤྱི་ཟླ་ ༧ ཚེས་ ༢༧ དགོང་མོའི་ཆུ་ཚོད་ ༨ པ་ཙམ་ལ་སྤྱི་སྤྱོད་རླངས་འཁོར་(Lashimi)ནང་ཕྱིན་པ་ཡིན། སང་ཉིན་ཞོགས་པ་ཆུ་ཚོད་ ༧ པ་ཙམ་ལ་ངའི་ཨ་ཅག་ནོར་འཛིན་ལགས་ཀྱི་སློབ་གྲྭ་ལ་སླེབས་སོང་། དེ་དུས་ཆར་པ་སིམ་སིམ་བབས་ཀྱི་འདུག དེ་ནས་སྐར་མ་ཁ་ཤས་རྗེས་ལ་བུ་མོའི་སྡོད་ཁང་ནང་ཕྱིན་པ་ཡིན། དེ་དུས་བུ་མོའི་སྡོད་ཁང་ནང་གི་བུ་མོ་ཚང་མ་ཞོགས་ཟས་བཟའ་བ་དང་མཉམ་དུ་གསར་འགྱུར་ཡང་བལྟ་ཡི་འདུག སྐར་མ་གཅིག་གི་རྗེས་ལ་ངའི་ཨ་ཅག་ནོར་འཛིན་ལགས་སླེབས་སོང་། ཆུ་ཚོད་ཕྱེད་ཀ་ཙམ་རིང་ཨ་ཅག་ལགས་ལ་གཞག་རྒྱུའི་ཅ་ལག་རྣམས་བཞག་པ་ཡིན། སྐར་མ་ཁ་ཤས་རྗེས་ལ་པཱ་ལགས་ང་གཉིས་ཨ་ཅག་ནོར་འཛིན་ལགས་ཀྱི་སློབ་གྲྭའི་ཉེ་འགྲམ་ལག་ཤེས་སློབ་གྲྭ་ལ་ཕྱིན་པ་ཡིན། ངའི་ཨ་ཅག་ནོར་འཛིན་ལགས་གློག་ཀླད་ཡིག་ཚད་གཏང་བར་ཕྱིན་སོང་།
དོན་གྲུབ་གླིང་གི་སྟོན་པའི་སྐུ་བརྙན་མདུན།  
 
ཆུ་ཚོད་གསུམ་གྱི་རྗེས་ལ་ངའི་ཨ་ཅག་ལགས་ཡིག་ཚད་བཏང་ཚར་བས་ང་ཚོ་དགོས་མཁོ་རྣམས་འཁྱེར་ནས་དོན་གྲུབ་གླིང་(Clementown)ལ་ཕྱིན་ཏེ་སྔ་ས་ནས་མངགས་པའི་མགྲོན་ཁང་ནང་བསྡད་པ་ཡིན། མགྲོན་ཁང་ནང་ལ་ཉལ་ཁྲི་གསུམ་དང་རླུང་འཁོར། བརྙན་འཕྲིན་བཅས་ཡོད་པ་མ་ཟད་ཐབ་ཆས་རང་འགྲིག་གི་ཐབ་ཚང་ཆེན་པོ་ཞིག་དང་ཁྲུས་ཁང་བཅས་མཐུན་རྐྱེན་ཚང་མ་འདུག

དོན་གྲུབ་གླིང་གི་སྨིན་གྲོལ་གླིང་དགོན་པར། ལྷ་བབས་མཆོད་རྟེན་ཤིན་ཏུ་ཆེན་པོ་ཞིག་དང་། དེའི་གཡས་གཡོན་ལ་མཆོད་རྟེན་རྣམ་བརྒྱད་དང་མ་ཎི་འཁོར་ལོ་ཆེན་པོ་གཉིས། ཐོག་རྩེག་གཉིས་ཡོད་པའི་མགྲོན་ཁང་དང་ཚོང་ཁང་འདུག མཆོད་རྟེན་ནང་གི་ཐོག་རྩེག་དང་པོ་ལ་གུ་རུ་རིན་པོ་ཆེའི་སྐུ་བརྙན་ཤིན་ཏུ་མཚར་པོ་ཞིག་དང་མཐའ་སྐོར་དུ་གུ་རུ་རིན་པོ་ཆེའི་རྣམ་ཐར་གྱི་ལྡེབས་རིས་ཧ་ཅང་མཛེས་པོ་དང་མང་པོ་འདུག ཐོག་རྩེག་གཉིས་པ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཆེན་པོ་ཞིག་དང་མཐའ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་རབས་ཀྱི་ལྡེབས་རིས་ཧ་ཅང་ཡག་པོ་དེ་འདྲ་འདུག ཐོག་རྩེག་གསུམ་ལ་ཞི་ཁྲོ་བློས་བསླངས་དཀྱིལ་འཁོར་ཤིན་ཏུ་ཆེན་པོ་ཞིག་དང་སྨིན་གྲོལ་གླིང་གི་ཁྲི་རབས་དང་མཁན་རབས་འདུག

བཀའ་རྒྱུད་དགོན་པ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཧ་ཅང་ཆེན་པོ་ཞིག་དང་། དེའི་ནང་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ཀྱི་ལྡེབས་རིས་འདུག ད་དུང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཆེན་པོ་དེ་ལ་སྐོར་ར་བརྒྱབ་དུས་མ་ཎི་འཁོར་ལོ་ཆུང་ཆུང་བརྒྱ་ལྷག་ཙམ་ཡོད་ས་རེད། བཀའ་རྒྱུད་དགོན་པའི་ཉེ་འཁོར་ལ་ཡུལ་ལྗོངས་རྣམས་མཛེས་ཤིང་ཡུལ་ལྗོངས་དེ་ཚོ་མི་ཡིས་བཟོས་པ་ཡིན་གྱི་མ་རེད་སྙམ་སོང་། ཡང་སངས་རྒྱས་སྐུ་བརྙན་ཆེན་པོ་དེ་ལ་ཡར་འཛེགས་རྒྱུ་ཡང་འདུག ད་དུང་ཡང་ཡར་འཛུལ་སའི་འཁྲིས་ལ་ཚོང་ཁང་དང་ཟ་ཁང་གཅིག་འདུག

དོན་གྲུབ་གླིང་ནས་གླ་འཁོར་ནང་སྐར་མ་བཅོ་ལྔ་ཙམ་ཕྱིན་རྗེས་(ISBT)སྤྱི་སྤྱོད་རླངས་འཁོར་གྱི་བབས་ཚུགས་ལ་སླེབས་ཀྱི་འདུག དེའི་འགྲམ་ལ་ཚོང་ཁང་ཆེན་པོ་ཆེན་པོ་གཅིག་འདུག དེ་ལ་ཐོག་རྩེག་གསུམ་ཙམ་འདུག དེའི་ཐོག་རྩེག་གཉིས་པ་ལ་གློག་བརྙན་ཁང་ཆེན་པོ་ཞིག་འདུག ང་ཚོ་དེ་ལ་ཕྱིན་ནས་ (The dark knight rises)ཞེས་པའི་གློག་བརྙན་གསར་པ་དེ་བལྟས་པ་ཡིན། གློག་བརྙན་ཁང་ནང་རྐུབ་བཀྱག་དེ་ཚོ་མར་བསྙལ་ཡ་འདུག ཡང་གློག་བརྙན་ཁང་ནང་གྲང་གློག་ཡོད་པ་མ་ཟད་ས་ཚང་མ་ལ་ས་གདན་འདུག བར་སེང་སྐབས་མི་དེ་ཚོས་ཁྱེད་རང་ཞལ་ཏོག་མཆོད་ཀྱི་ཡིན་པས་ཞེས་འདྲི་གི་འདུག གློག་བརྙན་དེ་རྫོགས་པར་ཆུ་ཚོད་གསུམ་ཙམ་འགོར་སོང་། ང་ཚོ་ལྟད་མོ་བལྟ་དུས་མི་མང་པོ་མི་འདུག

ད་དུང་ཡང་ཚོང་ར་ཆེན་པོ་(Big Bazaar)ཞེས་པའི་ནང་ཕྱིན་ནས་ཉོ་ཆ་ཡང་བརྒྱབ་པ་ཡིན། གྲོང་ཁྱེར་དཀྱིལ་གྱི་ཆུ་ཚོད་ཁང་པ་(Clock Tower)ལ་ཕྱིན་ནས་ཁ་ལག་བཟས་པ་དང་མཉམ་དུ་ཚོང་ཁང་(Liluput)ལ་ཕྱིན་ནས་དུག་སློག་མང་པོ་ཉོས་པ་ཡིན། དེའི་གཡས་གཡོན་གང་ས་ལ་ཉོ་ཆ་བརྒྱབ་པ་ཡིན།

དེ་ནས་ཉིན་གཅིག་མ་སུ་རི་ལ་ཕྱིན་པ་ཡིན། མ་སུ་རི་ལ་འགྲོ་དུས་ལམ་ཁ་རྣམས་གཡང་གཟར་པོ་རེད་འདུག་པ་མ་ཟད་ལུང་པ་དེ་རི་རྩེ་ལ་ཆགས་འདུག བྱས་ཙང་ང་ཞེད་ནས་མ་ཎི་སྐྱོར་དགོས་བྱུང་སོང་། མ་སུ་རི་བོད་ཁྱིམ་སློབ་གྲྭ་དེ་རྒྱ་གར་ནང་ནས་བོད་པའི་སློབ་གྲྭ་དང་ཤོས་དང་དགོན་པ་དེ་ཡང་རྒྱ་གར་ནང་ནས་བོད་པ་སྐྱབས་བཅོལ་བའི་དགོན་པ་དང་ཤོས་རེད་འདུག ཡང་ང་ཚོ་ལྷ་གསོལ་རི་ལ་ཕྱིན་པ་ཡིན། ལྷ་གསོལ་རི་དེ་སྐྱིད་པོ་ཞེ་དྲགས་འདུག དེ་རྗེས་ང་ཚོ་ཅོ་ཅོ་རྟ་མགྲིན་ལགས་ཀྱི་ནང་དུ་ཕྱིན་ནས་ཉིན་དགུང་ཁ་ལག་བཟས་པ་ཡིན། ད་དུང་ཁོང་གི་ཕྲུ་གུ་ཡང་མཐོང་སོང་།

དོན་གྲུབ་གླིང་གི་མཛེས་ལྗོངས་ནང་།
སྤྱི་ཟླ་ ༨ པའི་ཚེས་གསུམ་གྱི་ཉིན་དགུང་ཞལ་ལག་བཟས་ཚར་རྗེས་ངའི་ཨ་ཅག་ལགས་སློབ་གྲྭ་ལ་སྐྱེལ་བར་ཕྱིན་པ་ཡིན། དེ་རྗེས་ང་ཚོ་ཆུ་ཚོད་ལྔ་པའི་སྤྱི་སྤྱོད་རླངས་འཁོར་ནང་བསྡད་དེ་ཡོང་པ་ཡིན། སང་ཉིན་ཞོགས་པ་ཆུ་ཚོད་ལྔ་པ་ཙམ་ལ་རྡ་རམ་ས་ལ་སླེབས་སོང་། སྐར་མ་ཁ་ཤས་རྗེས་ལ་ངའི་ནང་ལ་སླེབས་སོང་། 

ཉིན་བདུན་རིང་ང་ཨ་ཅག་ལགས་དང་ཕ་མ་གཉིས་མཉམ་དུ་ཧ་ཅང་སྐྱིད་པོ་བྱུང་།། །།

3 comments:

Mati said...

I'm sorry can't read Tibetan, but I love your photos so much!! It's great to see all of you looking so happy and healthy! Thank you for posting. Best wishes, and many Tashideleks! Mati

སེམས་པ་ཤོར་མཁན་གཅིག said...

ཕ་བཟང་བུ་བཟང་རེད་འདུག་ག སྙན་པོ་བྱུང་། མུ་འཐུད་ནས་ཡིན་ད

Dechen said...

འཕྲིན་ལས་ལགས། བཀྲ་ཤིས་བདེ་ལེགས།

བདེ་ཆེན་