Thursday, December 20, 2012

མི་ཆོ་མེད།



༄༅།། གནའ་སྔ་མོ་མི་ཞིག་ཡོད། ཁོ་ཉིན་མ་རྟག་པར་ནང་ལ་བསྡད་ནས་ཆོ་མེད་ཀྱི་ལས་ཀ་རྐྱང་བྱེད་ཀྱི་ཡོད། ཉིན་ཞིག་ཁོའི་ནང་གི་གཡས་གཡོན་ལ་ཕྲུ་གུ་མང་པོ་འཛོམས་ནས་རྩེད་མོ་(Cricket)ཞེས་པ་དེ་རྩེས་ཀྱི་ཡོད། ཁོའི་སེམས་ནང་ཁོ་རང་ཡང་ཕྲུ་གུ་མཉམ་དུ་(Cricket)རྩེ་རྒྱུ་དྲན་པ་རེད།

   ཁོས་ཕྲུ་གུ་མཉམ་དུ་(Cricket)ཞེས་པ་དེ་རྩེས་པ་རེད། ཡིན་ནའང་ཁོ་ཕྲུ་གུ་ཆུང་ཆུང་གི་ལག་པ་ནས་ཕམ་ཉེས་བྱུང་པ་རེད། ཁོ་སེམས་སྐྱོ་ཐག་ཆོད་ནས་ནང་ལ་ལོག་པ་རེད།

   སང་ཉིན་དེར་ཁོའི་སེམས་ནང་ད་ང་ལས་ཀ་ཞིག་འཚོལ་དགོས་འདུག་བསམ་པ་རེད། ཁོས་འོ་མ་སྐྱེལ་མཁན་བྱས་ན་ཟླ་བ་རེར་སྒོར་༥༠༠༠རག་གི་ཡོད་པས་ལོ་རེར་སྒོར་༦༠༠༠༠ལྷག་རག་གི་ཡོད་པས་ཡག་པོ་ཞེ་དྲག་འདུག་སྙམ་པ་རེད།


   ཁོས་བ་ཕྱུགས་ཡག་པོ་ཞིག་ཉོས་པ་དང་ཆབས་ཅིག་(ATM CARD)ཡང་བཟོས་པ་རེད། ཁོས་བ་ཕྱུགས་ཀྱི་འོ་མ་འཇོ་རྒྱུ་འགོ་བརྩམས་པ་རེད། ཡིན་ནའང་ཁོས་བ་ཕྱུགས་ཀྱི་འོ་མ་ག་ནས་འཇོ་དགོས་མིན་ཧ་གོ་ཡི་མེད་པར་བརྟེན། མི་གཅིག་ལ་ཝ་ཡེ། ང་ལ་རོགས་པ་ཞིག་གནང་རོགས་གནང་དང། ལབ་པ་རེད། མི་དེས་རོགས་པ་ག་རེ་དགོས་ཞེས་དྲིས་པ་རེད། ང་ལ་བ་ཕྱུགས་ཀྱི་འོ་མ་ག་ནས་འཇོ་དགོས་པ་གསུང་རོགས་གནང་དང་ཞེས་ལབ། བ་ཕྱུགས་ཀྱི་འོ་མ་ནུ་མ་ནས་འཇོ་དགོས་ལབ་པ་རེད། ཁོས་ནུ་མ་ནས་འོ་མ་འཇོ་དུས་འོ་མ་འཐོན་གྱི་མེད་པར་བརྟེན་མི་དེར་ཡང་བསྐྱར་སྐད་ཆ་དྲིས་པ་རེད། ཁོས་ལན་མ་བརྒྱབ་པར་ཚུར་དྲི་བ་ཞིག་བཏང་པ་རེད། རང་གི་བ་ཕྱུགས་ལ་བེའུ་སྐྱེས་སོང་ངམ་ལབ་པ་རེད། ཁོས་བེའུ་སྐྱེས་མ་བྱུང་ལབ་པ་རེད། བྱས་ན་རང་ལ་འོ་མ་རག་གི་མ་རེད་ལབ་པ་རེད། ཁོའི་སེམས་ནང་བ་ཕྱུགས་དེ་ལ་བེའུ་མ་སྐྱེ་བར་ཁ་ལག་སྤྲད་ཀྱི་མིན་བསམ་པ་རེད།

   ཁོས་བ་ཕྱུགས་དེ་ལ་ཁ་ལག་མ་སྤྲད་པར་བརྟེན་བ་ཕྱུགས་སྐམ་རུ་ཕྱིན་པ་དང་ཆབས་ཅིག་བེའུ་ཡང་འཁོར་མེད་པ་རེད། ཁོས་ཡང་མི་གཞན་དག་ཅིག་ལ་སྐད་ཆ་ཞིག་དྲིས་པ་རེད། ངའི་བ་ཕྱུགས་དེ་ལ་བེའུ་མི་སྐྱེ་པའི་རྒྱུ་མཚན་གང་རེད་དམ། མི་དེས། ཁྱོད་ཀྱིས་བ་ཕྱུགས་ལ་ཁ་ལག་མ་སྟེར་ན་བེའུ་ཇི་ལྟར་སྐྱེ་འམ། ལབ་པ་རེད།

    ཁོས་ཉིན་རྟག་པར་བ་ཕྱུགས་དེ་ལ་ཁ་ལག་རྒྱགས་ཚད་སྤྲད་པ་རེད། ཟླ་བ་ཁ་ཤས་རྗེས་ལ་བ་ཕྱུགས་དེ་ལ་བེའུ་ཞིག་སྐྱེས་པ་རེད། ཁོ་དགའ་ཐག་ཆོད་ནས་སྔོན་གྱི་འཆར་གཞི་ག་རེ་ཡིན་པ་དྲན་པ་བརྗེད།

   ཁོས་ཉིན་མ་རྟག་པར་འོ་མ་བཏུང་ནས་བསྡད་པ་རེད། ལོ་གཅིག་ཙམ་སོང་རྗེས་བ་ཕྱུགས་དེ་ཤི་བས་ཁོའི་སྔོན་གྱི་འཆར་གཞི་དྲན་པ་སོས་པ་རེད།

   དེ་ཡང་ཁོས་དངུལ་ཉུང་དུ་བཏང་བ་མ་གཏོགས་མང་དུ་བཏང་མེད། ད་ཡོང་ས་མ་རེད་བསམས་དུས་སྔོན་གྱི་བ་ཕྱུགས་དེ་ལ་སྐྱེས་པའི་བེའུ་དེ་ལ་བེའུ་སྐྱེ་རྒྱུ་སྒུག་བསྡད་པ་རེད། ལོ་ཁ་ཤས་སོང་རྗེས་བེའུ་དེ་ཆེ་རུ་འགྲོ་བ་མ་ཟད་རྭ་ཅོ་ཡང་རྫིག་པོ་གཉིས་སྐྱེས་ཡོད་པ་རེད། ངའི་བ་ཕྱུགས་དེ་ལ་རྭ་ཅོ་སྐྱེ་དགོས་དོན་གང་རེད་དམ། བསམ་པ་རེད། རྗེས་ལ་མི་གཅིག་ལ་ངའི་བ་ཕྱུགས་དེ་ལ་རྭ་ཅོ་སྐྱེས་དགོས་དོན་གང་ཡིན་ནམ། ཞེས་སྐད་ཆ་དྲིས་པ་རེད། མི་དེས་གད་མོ་ཤོར་གྱིན་རང་ལ་ཡོད་པའི་སེམས་ཅན་དེ་བ་ཕྱུགས་མ་རེད། གླང་རེད་ཅེས་ལན་བཏབ་པ་རེད། ལན་དེ་བརྒྱབ་མ་ཐག་ཁོའི་སེམས་ནང་སང་ཉིན་ང་སེ་པན་ལ་འགྲོ་ཡི་ཡིན་བསམ་པ་རེད། གང་ཡིན་ཟེར་ན་གླང་གི་རྩེད་མོ་རྩེས་ས་མང་པོ་ཡོད་པ་དང་གླང་དེ་བཙོང་ན་ཡུ་རོ་བརྒྱ་ལྷག་རག་གི་ཡོད་པས་ཡག་པོ་ཞེ་དྲགས་བྱུང་སོང་སྙམ་པ་རེད།

    ཉིན་དེར་ཁོ་གྲུ་གཟིངས་བབས་ཚུགས་ལ་གླང་དེ་ཡང་འཁྲིད་ནས་གྲུ་གཟིངས་ནང་ལ་འཛུལ་པ་རེད། གྲུ་གཟིངས་ནང་འཛུལ་དུས་གྲུ་གཟིངས་ནང་གི་ཉེན་རྟོག་པས་གླང་འཁྲིད་ན་ཉེས་ཆད་ཉིན་རེར་སྒོར་༡༠༠རེ་སྤྲོད་དགོས་ལབ་པ་རེད། ཁོས་རྒྱ་གར་ནས་ཡུ་རོབ་བར་ཉིན་མ་གཉིས་འགོར་གྱི་ཡོད་ཙང་ཉེན་རྟོག་པར་སྒོར་༢༠༠སྤྲད་པ་རེད།

ཁོ་(spain)གྱི་གླང་རྩེད་རྩེ་རྭར་འགྲོ་དགོས་པར་བརྟེན་སེ་པན་ལ་ཕྱིན་པ་རེད། སང་ཉིན་དེར་ཁོ་སེ་པན་ལ་སླེབས་དུས་ཁོས་གླང་གི་རྩེད་མོ་རྩེད་སར་ཕྱིན། ད་དུང་ནང་ལོགས་ལ་འཛུལ་བར་ཡུ་རོ་གཅིག་སྤྲད་དགོས་པས་ཁོས་རྒྱ་གར་སྒོར་མོ་༦༥སྤྲད་པ་རེད། ཁོ་ནང་ལ་འཛུལ་ནས་གླང་གི་རྩེད་མོ་རྩེད་མཁན་གྱི་དཔོན་པོ་དེ་ལ་གླང་དེ་ཉོ་ཡི་ཡིན་ནམ་ལབ་པ་རེད། དཔོན་པོ་དེས་གླང་ལ་གཟབ་ནན་ངང་བལྟས་རྗེས་གླང་འདི་ཉམ་ཆུང་ཡིན་པས་ང་ཚོར་མི་དགོས་ཞེས་ལབ་པ་རེད། ཁོས་ཁྱེད་རང་ལ་མི་དགོས་ན་ང་ལ་ཡང་མི་དགོས། གལ་ཏེ་ཁྱེད་རང་ལ་གླང་འདི་དགོས་ན་ཉར། གལ་ཏེ་གླང་མི་དགོས་ན་མི་གཞན་ལ་བཙོངས། གང་ལྟར་དཔོན་པོ་ཁྱེད་རང་ལ་རིན་མེད་ཐོག་སྤྲད་ཆོག་ཅེས་ལབ་པ་རེད།

   གླང་དཔོན་དགའ་ཐག་ཆོད་པ་རེད། གང་ཡིན་ཟེར་ན་ཁོ་ཚོའི་གླང་གི་རྩེད་མོ་ནང་གླང་དེ་འདྲ་བ་དགོས་ཀྱི་ཡོད་པས་མི་དེ་ལ་མགོ་སྐོར་བཏང་བ་རེད། ཁོ་ཚོས་གླང་དེ་ལ་སྦྱོར་བརྡར་ཡག་པོ་བྱས་ཏེ་བེད་སྤྱོད་བཏང་བས་སྐད་གྲགས་ཆོད་དེ་ཁོ་ཚོར་སྒོར་མོ་ཞེ་དྲགས་བྱུང་བ་རེད།། །།
 

2 comments:

Anonymous said...

སྤྱིར་བཏང་ཡག་པོ་བྲིས་འདུག་ཀྱང་མཚར་གཏམ་གྱི་ཉམས་དེ་ཙམ་རང་ཐོན་མིན་འདུག་ཞེས་བརྗོད་ན་ཁྱེད་ལ་ཕན་ངེས་ཆེ་ཤས་ལགས།

རག་རྡོའི་བང་མཛོད། said...

གྲོགས་བསྟན་འཛིན་འཕྲིན་ལས་ལགས།
ཉིན་མང་པོ་ཞིག་ཁྱེད་ཀྱི་ཉིན་ཐོ་དང་བརྩམ་བྱ་བཀླགས་རྒྱུའི་དུས་ཚོད་མ་བྱུང་ལ་བསམ་ཚུལ་ཡང་ཇེ་ལེན་བྱེད་ཁོམས་མ་བྱུང་བས་དགོངས་དག་ཞུ་གི་ཡོད།
དེ་རིང་གི་མཚར་གཏམ་འདི་བཀླགས་པ་ཡིན་སྙན་པོ་བྱུང་། ཡིན་ཡང་ཁྱེད་ཀྱི་རྩོམ་གྲོས་ད་དུང་སྔོན་མ་རང་ལ་བསྡད་པའི་སྣང་བ་འདུག དེར་བརྟེན་ཚིག་ལྷག་དེ་དག་ཇེ་ཉུང་དུ་གཏོང་རྒྱུའི་ཆེད་དུ་པཱ་ལགས་ལ་བཀའ་དྲི་མང་ཙམ་ཞུས་ན་མ་འོངས་པར་རྩོམ་གྱི་སྙན་ཆར་འགྱུར་བ་ངེས་ཅན་ཞིག་འགྲོ་ངེས་རེད།
བཀྲིས་བདེ་ལེགས།
ཁྱེད་ཀྱི་གྲོགས་ཛམ་གཡུ་སྤེན་ཚེས།
ཝཱཎ་མཐོ་སློབ་ཀྱི་སློབ་དཔོན་དཔའ་བོ་དཔེ་ཛོད་ནས།