Monday, January 7, 2013

རྣམ་དཔྱོད་ལྡན་པའི་བུ་དོན་གྲུབ།



 ༄༅།། མི་ཚང་ཞིག་ལ་བུ་དོན་གྲུབ་ཅེས་པ་ཞིག་ཡོད། དོན་གྲུབ་ནི་ཕ་མའི་ཞལ་ལ་ཉན་པོ་ཡོད་པ་དང་སྤྱོད་པ་ཡང་ཡག་པོ་ཡོད། ཉིན་ཅིག་བུ་དོན་གྲུབ་ཀྱིས་མི་གཞན་གྱི་སྒོར་བཅུ་བརྐུས་པས། ཕ་མ་གཉིས་ཁོང་ཁོ་ལངས་ཐག་ཆོད་ནས་བུ་དོན་གྲུབ་ལ་ཉེས་བརྡུང་བཏང་བ་མ་ཟད་ཕྱིར་ཕུད་པ་རེད། ད་དུང་ཁོ་པའི་ཅ་ལག་རྣམས་གཡུག་ནས་ཁྱོད་ཟླ་བ་གཅིག་རིང་ཕྱི་ལ་སྡོད་ལབ་པ་རེད། དོན་གྲུབ་ཀྱིས་སྐད་ཆ་དེ་གོ་མ་ཐག་ཁོ་སེམས་སྐྱོ་ཐག་ཆོད་པ་རེད།

  
དེ་རྗེས་དོན་གྲུབ་ཁོ་རྒྱུག་ཆུ་གཙང་མ་ཞིག་གི་འགྲམ་དུ་ཕྱིན། དེར་ཁོས་རྩྭ་མང་པོ་སྒྲུག་ནས་རྩྭ་ཁང་ཆུང་ཆུང་ཞིག་བཟོས། ཁོས་བསམ་བློ་བཏང་ནས་ཤིང་མཁྲེགས་པོ་རིང་པོ་གཅིག་དང་སྐུད་པ་མཁྲེགས་པོ་རིང་པོ་གཅིག་སྒྲུག་ནས་ལྕགས་ཀྱུ་འདྲ་པོ་ཞིག་བཟོས། དེ་རྗེས་ཁོས་ཉ་འཛིན་ནས་བཟའ་ཡི་ཡོད་པ་རེད།

   ཉིན་མ་གཅིག་ཚན་རིག་རྒན་ལགས་ཀྱིས་སང་ཉིན་ང་ཚོ་རྒྱུག་ཆུ་འགྲམ་ལ་ཉ་འཛིན་པར་འགྲོ་ཞེས་ལབ་མ་ཐག་སློབ་ཕྲུག་རྣམས་དགའ་ཐག་ཆོད་པ་རེད། ད་དུང་དམིགས་བསལ་བུ་དོན་གྲུབ་ཡང་དགའ་པོ་བྱུང་བ་རེད། ཡང་རྒན་ལགས་ཀྱིས་དེ་རིང་དགོང་དྲོ་ཁྱེད་ཚོས་ཕ་མ་གཉིས་ལ་སང་ཉིན་ང་ཚོ་ཉ་འཛིན་པར་འགྲོ་ཆོག་གམ་མི་ཆོག་ཅེས་བཀའ་འདྲི་ཞུས། འགྲོ་ཆོག་ན་གནངས་ཉིན་སླེབས་ཀྱི་རེད། ཅེས་གསུངས།

   སློབ་གྲྭ་གྲོལ་རྗེས་ཕྲུ་གུ་ཚོས་ཕ་མ་ལ་ལབ་པས་ཕ་མ་མང་ཆེ་བས་མོས་མཐུན་མ་བྱས། ཕ་མ་ཉུང་ཤས་ཀྱིས་མོས་མཐུན་བྱས་ནས་བཏང་པ་རེད། སང་ཉིན་དེར་ཕྲུ་གུ་ཚང་མ་དཔེ་ཁུག་གཅིག་དང་ཆུ་འགྱིག་དམ་གཅིག་བཅས་འཁྱེར་ཡོད་པ་རེད། བུ་དོན་གྲུབ་ཀྱིས་ཀྱང་ཁོ་པའི་གློག་གི་རྩེད་ཆས་དང་དཔེ་ཁུག ཆུ་འགྱིག་དམ་གཅིག་སོགས་འཁྱེར་ནས་སློབ་གྲྭར་སོང་བ་རེད།

  
ཚན་རིག་རྒན་ལགས་ཀྱིས་སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར་ནང་འཁྲིད་ནས་ཕྱིན་པ་རེད། ་ཚན་རིག་རྒན་ལགས་ཀྱིས་རྒྱུག་ཆུའི་འགྲམ་ལ་རླངས་འཁོར་བཀག སློབ་ཕྲུག་རེ་རེ་ལ་ལྕགས་ཀྱུ་རེ་རེ་སྤྲད་ནས་ཉ་འཛིན་བཅུག་པ་རེད། དོན་གྲུབ་ནི་ཉ་འཛིན་སྟངས་ལ་ཉམས་མྱོང་ཡོད་པས་ཁོས་ཉ་མང་པོ་འཛིན་ཐུབ་པ་མ་ཟད་གསེར་ཉ་ཡང་འཛིན་ཐུབ་པ་རེད། དོན་གྲུབ་ཀྱི་ཉ་འཛིན་སྟངས་ལ་སློབ་མ་ཁ་ཤས་ཧང་སངས་པ་དང་ལ་ལ་ཡིད་སྨོན་ཤིན་ཏུ་སྐྱེས་པ་རེད། བུ་དོན་གྲུབ་ཀྱིས་གསེར་ཉ་སྙིང་རྗེ་པོ་དེ་རྣམས་རྒྱུག་ཆུའི་ནང་རང་འཇགས་གློད་བཏང་པ་རེད།

   ཉིན་དེའི་དགོང་མོ་སློབ་ཕྲུག་ཡོང་མཁན་ཚང་མས་དགོང་མོ་ཁ་ལག་ཉ་ཤ་བཟས་པ་རེད། རྒན་ལགས་ཀྱིས་བུ་དོན་གྲུབ་ལ་ཁྱོད་ཀྱིས་ཟླ་བ་དེའི་ནང་ལས་ཀ་ཡག་པོ་གཅིག་བྱས་འདུག དེ་ག་རེ་རེད་ཟེར་ན་རང་གི་ཁ་ལག་ཆེད་ཉ་འཛིན་ཤེས་པ་མ་ཟད་ནོར་འཁྲུལ་ངོས་བཟུང་ཐུབ་པ་དེ་རེད། མི་སུ་ཡིན་ནའང་་མ་ཤེས་ནས་ནོར་འཁྲུལ་ཡོང་གི་རེད། ཡིན་ནའི་ཤེས་ནས་ནོར་འཁྲུལ་བྱས་ན་དེ་ཡག་པོ་མ་རེད། ཅེས་སློབ་ཕྲུག་ཚང་མར་བཀའ་སློབ་གནང། ཟླ་བ་གཅིག་སོང་བས་བུ་དོན་གྲུབ་ནང་ལ་ལོག ཁོ་ཕ་མ་གཉིས་མང་པོ་དྲན་ཡོད་པ་དང་ཕ་མ་གཉིས་ཀྱང་བུ་དྲན་པས་ཁོང་ཚོ་གསུམ་ཕན་ཚུན་མཉམ་དུ་འཐམ་ནས་ངུ་ཤོར་པ་རེད།། །།

No comments: