Wednesday, February 6, 2013

གངས།



༄༅།། གངས་ནི་དཀར་ཞིང་མཛེས། གངས་ནི་གནམ་གཤིས་གྲང་ས་དང་མཐོ་ས་ལ་བབ་ཀྱི་ཡོད། ང་ནི་གངས་ལ་རྩེད་མོ་རྩེད་རྒྱུར་ཤིན་ཏུ་དགའ། གངས་ལ་ཐོག་མར་ལག་པ་འཆང་དུས་གྲང་མོ་ཞེ་དྲག་འདུག འོན་ཀྱང་ལག་པ་འཆང་བཞིན་འཆང་བཞིན་གྲང་ངར་མེད་པར་ཚ་སོབ་སོབ་སྐྱིད་པོ་ཞིག་ཚོར་གྱི་འདུག 
  རྡ་རམ་ས་ལ་གངས་བབས་དུས་ས་གཞི་ཡོངས་རྫོགས་དར་རས་དཀར་པོ་གཡོག་པ་དང་འདྲ། གཡས་གཡོན་གང་ས་ནས་གངས་ལ་ལྟད་མོ་བལྟ་མཁན་ཧ་ཅང་མང་པོ་སླེབས་ཀྱི་རེད། མི་ཁ་ཤས་ཀྱིས་གངས་ཀྱི་མི་བཟོས་ཀྱི་ཡོད་པ་དང་། ལ་ལས་གངས་ལ་འཁྱགས་ཤུད་བཏང་བ། འགའ་ཤས་ཀྱིས་གངས་རིལ་རིལ་བཟོས་ནས་ཕན་ཚུན་བཞུས་རེ་རྩེད་ཀྱི་ཡོད། མི་རྣམས་གངས་ལ་རྩེད་མོ་རྩེ་རྒྱུར་ཤིན་ཏུ་དགའ། འོན་ཀྱང་ཁ་བ་བབས་པའི་རྗེས་ལ་འགྲིམ་འགྲུལ་ལ་དོ་སྣང་མ་བྱས་ན་ཆག་སྒོ་ཡོང་གི་རེད། 

   གངས་བབས་པའི་རྗེས་ལ་ཉི་མ་ཤར་དུས་གངས་ཚང་མ་ག་ལེར་ག་ལེར་བཞུར་ནས་གཡས་གཡོན་གང་སར་གངས་ཆུས་འཁེངས། ཁང་པའི་ཐོག་དང་ཤིང་སྡོང་སྒང་ནས་གངས་ཆུ་ཆར་པ་བཞིན་དུ་བབས། གངས་ནི་ཆུའི་འབྱུང་ཁུངས་ཡིན། 
   རྡ་རམ་ས་ལའི་མི་རྣམས་གངས་ཆུ་འཐུང་གི་ཡོད། གངས་ཆུ་ནི་དྭངས་ཞིང་གཙང་ལ་དྲི་མ་མེད། དམིགས་བསལ་ལ་དྭགས་དང་བོད་ཀྱི་གངས་ནི་ཤིན་ཏུ་གཙང་བས་བཟའ་ནའང་འགྲིག་གི་ཡོད། གལ་སྲིད་ས་ཆ་གཅིག་ལ་གངས་བབས་ནས་གངས་མ་བཞུར་ན་སང་ཉིན་དེར་འཁྱགས་པ་ཐེབས་ནས་འདྲེད་བརྡར་ཤོར་དགོས་པ་བཟོ་ཡི་ཡོད།

2 comments:

Shambhala said...

ཀ་ཤུ་དཀར་པོའི་མདངས། །
ཀ་ར་ལས་ཀྱང་ཞིམ། །
ཀ་དག་སེམས་གཙང་ཞིག །
ཀ་ཀོར་མེད་པར་གླེང་། །

ཁ་བ་རི་བོའི་བུས། །
ཁ་དང་ལག་ཆུང་རྣམས། །
ཁ་བར་བཅུག་བྱས་ཏེ། །
ཁ་བའི་ལོ་རྒྱུས་གླེང་། །

ག་ནས་ལྟད་ཀྱང་རུང་། །
ག་འདྲའི་སྙན་པ་ལ། །
ག་དུས་ཡིན་ནའང་། །
ག་ཚོད་མང་མང་བྲིས། །




Unknown said...

ཁྱེད་ཀྱི་རྩོམ་འདིའི་ནང་རང་ཚོར་ངོ་མ་དེ་སྟོན་འདུག་པའི་དགའ་ཚོར་ཤིན་ཏུ་ཆེ། ང་རང་ཆུང་དུས་མ་ན་ལི་ཡོད་སྐབས་ཀྱི་དུས་ཚོད་དེ་དྲན་ཚོར་བྱུང།