Wednesday, February 13, 2013

གསོལ་ཚོགས།

༄༅།། ཚོགས་ལ་དབྱེ་ན་གཉིས་ཡོད། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་རེད། སངས་རྒྱས་དང་བྱང་ཆུབ་སེམས་པ་རྣམས་ལ་ཚོགས་འབུལ་ན་སོ་སོ་རང་ཉིད་ལ་བསོད་ནམས་བསག་གི་རེད།

   གནམ་གང་ཉིན་ངའི་ཨ་མ་ལགས་ཀྱིས་གསོལ་ཚོགས་བཞེངས་དུས་དང་པོ་ཀ་ཏོ་ར་གཙང་མ་ཞིག་ནང་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཟས་མཆོག དཀར་གཙང་ནས་ཀྱི་རྩམ་པ་བྱུགས་རྗེས་དེའི་ནང་མར་ཁུ་དང་བུ་རམ། བྱེ་མ་ཀ་ར། སྦྲང་རྩི། ཕྱུ་ར། ཆང་ཕུད། ཇ་ཕུད་སོགས་བླུགས་ནས་འབོལ་འབོལ་ཡག་པོ་བྱས་སོང་། དེ་རྗེས་གསོལ་ཚོགས་ཀྱི་བཟོ་བལྟ་བཟོས་གནང་སོང་། གསོལ་ཚོགས་བཞེངས་ཚར་རྗེས་དེའི་རྩེ་ལ་དམར་རྩི་བྱུགས། དེ་ནས་མར་དཀར་པོའི་དཀར་རྒྱན་གསུམ་རེ་བརྒྱབ་སོང། སྡེར་མ་གཅིག་ནང་གསོལ་ཚོགས་རྣམས་བཞགས་ཏེ་དེའི་གཡས་གཡོན་ལ་ཚོགས་རྫས་ཤིང་ཏོག་སྐམ་པའི་རིགས་དང་མངར་ཆའི་རིགས། ཁ་ཟས་ཀྱི་ཕུད། སྟར་ཁའི་ནང་རྩིའི་རིགས། ཕྱུ་ར་མངར་མོ་སོགས་བྱུགས་ནས་མཆོད་གཤོམ་ནང་སྨོན་ལམ་ཡག་པོ་བརྒྱབ་ནས་ཕུལ་སོང་།


   བོད་ཟླ་༡པོའི་ཚེས་༣ཉིན་ཨ་མ་ལགས་ཀྱིས་གསོལ་ཚོགས་མར་བཤམས་གནང་སོང། དེ་ནས་གསོལ་ཚོགས་གྲིས་བཏུབ་ཏེ་ང་ཚོ་ལ་གནང་སོང། ནང་ལ་བཞེས་ཏོག་འདྲ་མིན་ཤིན་ཏུ་མང་པོ་ཡོད་ནའང་ངས་གསོལ་ཚོགས་མང་པོ་བཟས་པ་ཡིན། ཡིན་ནའང་ག་ཚོད་བཟས་ཀྱང་བཟའ་སྙིང་འདོད་དུ་འདོད་དུ་འགྲོ་ཡི་འདུག གང་ཡིན་ཟེར་ན་ལོ་གསར་གྱི་གསོལ་ཚོགས་ཧ་ཅང་ཞིམ་པོ་འདུག ལོ་གསར་ག་དུས་ཡིན་ཡང་ངའི་ཕ་མ་གཉིས་ཀྱིས་གསོལ་ཚོགས་ཕུལ་གནང་གི་འདུག

   འོན་ཀྱང་ངས་དོན་དག་གཅིག་མགོ་ཚོད་མ་སོང། གསོལ་ཚོགས་ཀྱི་རྩེ་ལ་དམར་རྩི་བྱུག་དགོས་དོན་གང་ཡིན་ནམ།

1 comment:

ལྗང་སྨྱུག said...

སྤྱིར་བཏང་ཚོགས་ལ་དཀར་ཚོགས་དང་དམར་ཚོགས་གཉིས་སུ་ཡོད་པ་འདོད། ཚོགས་ལ་དམར་རྩི་བྱུགས་པ་དེ། ཤ་ཁྲག་གི་ཚོགས་མཆོད་དངོས་སུ་གཤམས་མི་རུང་ཙང་དེའི་ཚབ་ཀྱི་ཚུལ་དུ་དམར་པོ་བྱུགས་ཡིན་པ་འདྲ། གང་ཡིན་ཟེར་ན། ཡི་དམ་ཁྲོ་བོ་དང་ཁྲོ་མོ་ཚོས་སངས་རྒྱས་ཀྱི་བསྟན་ལ་དངོས་ཤུགས་བརྒྱུད་གསུམ་གྱིས་གནོད་འཚེ་རྩོམ་མཁན་ཚོའི་སྲོག་གི་དྭང་མ་བླངས་ཏེ། ཚོགས་ཀྱི་བདུད་རྩིར་བསྒྱུར་ནས་ཞལ་དུ་བཏབ་པའི་མཛད་པ་སྟོན་གྱི་ཡོད་སྐད།