Friday, May 10, 2013

ངའི་པཱ་ལགས།


རྒྱ་གར་རྒྱལ་ས་ལྡི་ལི་ལ་པཱ་ལགས་ལྷན་དུ།
༄༅།། ངའི་པཱ་ལགས་ནི་གཤིས་ཀ་བཟང་ཞིང་། ལས་སློབ་གང་སྤྱིའི་ཐད་ལ་འབད་བརྩོན་ཆེ་བ། ཉིན་ལྟར་བོད་སྐད་དང་བོད་ཀྱི་རིག་གཞུང་གཙང་མ་ཉར་རྒྱུའི་ཆེད་དུ་སྐུ་ལས་མང་པོ་སྐྱོན་གྱི་ཡོད། ངའི་པཱ་ལགས་ཀྱིས་ག་དུས་ཡིན་ཡང་དྲང་པོ་གནང་བ་ལས་ལས་ཀ་གང་འདྲ་ཞིག་ཡིན་ཡང་གཡོ་སྒྱུ་དང་། རྒྱབ་མདུན་རྩ་བ་ནས་གནང་གི་མེད། 

    ངའི་པཱ་ལགས་ནི་བཞེས་ལག་ལ་ཧ་ཅང་དོ་སྣང་ཆེན་པོ་ཡོད་ལ་ལུས་རྩལ་ལའང་མཉེས་པོ་གནང་གི་ཡོད།་ངའི་པཱ་ལགས་ཀྱིས་ཞོགས་པ་སྔ་བོ་ཆུ་ཚོད་བཞི་པ་ཙམ་ནས་ཡར་བཞེངས་ནས་གླིང་སྐོར་ལ་ཕེབས་ཀྱི་ཡོད། གླིང་སྐོར་ནས་གཙུག་ལག་ཁང་ལ་ཕེབས་ནས་མཆོད་འཇལ་ཞུས། དེ་ནས་ནང་ལ་ལོག་ཕེབས་སྐབས་ལམ་ཞོར་དུ་ཚལ་རིགས་དང་ཨ་མདོ་བག་ལེབ་སོགས་ཉོས་ནས་ཕེབས་ཀྱི་རེད།


    མཚམས་རེ་པཱ་ལགས་ང་གཉིས་དཔེ་མཛོད་དང་གནས་ཆུང་སོགས་ལ་ཕེབས་དུས་པཱ་ལགས་ཀྱིས་ང་ལ་དྲི་བ་སྣ་ཚོགས་བསྐུལ་གནང་བ་མ་ཟད་སྐབས་རེ་ཚིག་བཅད་ཡང་བསྐུལ་གནང་གི་རེད། དེ་དུས་ང་སྐྱིད་པོ་ཞེ་དྲགས་འདུག

    པཱ་ལགས་ཀྱིས་ང་ལ་བྱམས་པོ་བྱེད་པ་མ་ཟད་ངའི་ནང་མི་ལའང་བརྩི་པོ་ཡོད། དེང་སང་ངའི་པཱ་ལགས་ས་ཐག་རིང་པོ་ཡོད་པར་བརྟེན་པཱ་ལགས་ཀྱིས་ང་ཚོ་ལ་ཉིན་ལྟར་ཁ་པར་བཏང་གནང་ནས་ངའི་ཨ་མ་ལགས་སུ་ཞལ་ལག་ཡག་པོ་མཆོད། སྐྱིད་པོ་གནང་། གང་ལ་ཡང་ཐུགས་འཕྲལ་གནང་མི་དགོས་ཅེས་གསུངས་གནང་གི་འདུག ད་དུང་ང་ལ་ཉིན་ལྟར་སློབ་སྦྱོང་ཡག་པོ་བྱེད། སྤྱོད་པ་ཡག་པོ་བྱེད་ཅེས་གསུང་གནང་གི་འདུག

    ང་ཚོ་ནང་མི་ཚང་མ་པཱ་ལགས་ལ་ཧ་ཅང་དགའ་པོ་ཡོད་པ་དང་པཱ་ལགས་ཀྱིས་ཀྱང་ནང་མི་ལ་ཤིན་ཏུ་བརྩི་པོ་ཡོད།། །།

No comments: