Sunday, May 26, 2013

ང་ཚོའི་འཛམ་གླིང་།



ས་ཡི་གོ་ལ།

༄༅།། ང་ཚོའི་འཛམ་གླིང་ནི་ཚེ་སྲོག་འཚོ་གནས་ཐུབ་པའི་གཟའ་སྐར་གཅིག་པུ་དེ་རང་རེད། ང་ཚོའི་འཛམ་གླིང་ནི་ས་དང་ཆུ། སྐྱེ་ཁམས་བཅས་ལས་གྲུབ་ཡོད། ང་ཚོའི་འཛམ་གླིང་གི་རྒྱ་ཆ་བདུན་ཅུ་ཆུས་བཀབ་ཡོད་པ་དང་། བརྒྱ་ཆ་སུམ་ཅུ་སྐམ་ས་ཡིན། ང་ཚོའི་འཛམ་གླིང་ནང་གླིང་ཆེན་བདུན་དང་རྒྱ་མཚོ་ཆེན་པོ་བཞི་ཡོད། གླིང་ཆེན་བདུན་ནི་ཨེ་ཤི་ཡ་དང་ཡུ་རོབ། ཨ་ཕྷི་རི་ཀ ལྷོ་ཨ་མི་རི་ཀ བྱང་ཨ་མི་རི་ཀ ཨོ་སོ་ཊི་ལི་ཡ། ཨན་ཊར་ཊི་ཀ་བཅས། རྒྱ་མཚོ་ཆེན་པོ་བཞི་ནི་ཞི་བདེ་རྒྱ་མཚོ་དང་བྱང་འཁྱགས་རོམ་རྒྱ་མཚོ། ཨཊི་ལན་ཌིག་རྒྱ་མཚོ། རྒྱ་གར་རྒྱ་མཚོ་བཅས་ཡིན།

   ང་ཚོའི་འཛམ་གླིང་ལ་སའི་གོ་ལ་དང་གཟའ་སྐར་སྔོན་པོ་ཡང་ཟེར་གྱི་ཡོད། ང་ཚོའི་འཛམ་གླིང་གིས་རང་འཁོར་གཅིག་བརྒྱབ་པར་ཆུ་ཚོད་༢༤འགོར་གྱི་ཡོད། ང་ཚོའི་འཛམ་གླིང་གིས་རང་འཁོར་བརྒྱབ་པ་ལ་བརྟེན་ནས་ཉིན་མཚན་གཉིས་བྱུང། གལ་སྲིད་སའི་གོ་ལས་རང་འཁོར་མ་བརྒྱབ་ན་ཕྱོགས་གཅིག་ག་དུས་ཡིན་ཡང་མཚན་མོ་ཆགས་ནས་གྲང་ངར་ཤིན་ཏུ་ཆེ་བར་འགྱུར་པ་དང་། ཕྱོགས་གཞན་དེ་ག་དུས་ཡིན་ཡང་ཉིན་མོ་ཆགས་ནས་ཚ་དྲོད་ཤིན་ཏུ་ཆེ་བར་འགྱུར་ནས་སྐྱེ་དངོས་དང་ཚེ་སྲོག་གང་ཡང་གནས་མི་ཐུབ།


    སའི་གོ་ལས་གཞན་འཁོར་གཅིག་བརྒྱབ་པར་ཉིན་༣༦༥དང་ཆུ་ཚོད་༦འགོར་གྱི་ཡོད། ཡིན་ཡང་བཤོལ་ལོ་ལ་ཉིན་༣༦༦ཡོད། རྒྱུ་མཚན་ནི་ལོ་གཅིག་ལ་ཉིན་༣༦༥དང་ཆུ་ཚོད་༦ཡོད་དུས་ལོ་བཞིའི་རྗེས་སུ་ཆུ་ཚོད་དྲུག་དེ་བསྡོམས་པས་ཉིན་གཅིག་བྱུང་། དེར་བརྟེན་བཤོལ་ལོ་ནམ་ཡིན་ལ་ཉིན་༣༦༦ཡོད། སའི་གོ་ལས་གཞན་འཁོར་བརྒྱབ་ནས་ནམ་དུས་བཞི་བྱུང། ནམ་དུས་བཞི་ནི་དཔྱིད་ཀ་དང་དབྱར་ཁ། སྟོན་ཀ དགུན་ཁ་བཅས་ཡིན། གལ་སྲིད་ང་ཚོའི་འཛམ་གླིང་གིས་གཞན་འཁོར་མ་བརྒྱབ་ན་ནམ་དུས་བཞི་བྱུང་མི་སྲིད་ལ། སའི་གོ་ལ་དེ་བཞིན་ག་དུས་ཡིན་ཡང་ཚ་གྲང་སྙོམས་པོ་ཡོང་གི་མ་རེད། སའི་གོ་ལ་ནི་ཉི་མ་ཁྱིམ་རྒྱུད་ནང་གི་གཟའ་སྐར་གསུམ་པ་དེ་ཡིན།

  

ང་ཚོའི་འཛམ་གླིང་ནི་རྩི་ཤིང་དང་ཚེ་སྲོག་འཚོ་གནས་ཐུབ་པའི་ཁྱིམ་ཚང་ཆེན་པོ་དང་སྐྱིད་པོ་ཞིག་ཡིན་པས། ང་ཚོས་ག་དུས་ཡིན་ཡང་ང་ཚོའི་ཁྱིམ་ཚང་སྐྱིད་པོ་དེ་ལ་གནོད་པའི་ལས་ཀ་བཟོ་གྲྭ་ལ་སོགས་པའི་ཁོར་ཡུག་འབག་བཙོག་བཟོ་མཁན་བེད་སྤྱོད་མང་པོ་གཏང་རྒྱུ་མེད་ལ་ཤིང་སྡོང་ཡང་མང་པོ་གཅད་རྒྱུ་མེད།། །།

1 comment:

འཛོམས་སྐྱིད said...

རྩོམ་སྤུས་ལེགས་སུ་འགྲོ་བཞིན་འདུག་དེ་ལས་ཁྱེད་ཀྱི་སྙིང་རུས་དང་བརྩོན་སེམས་མཐོང་བྱུང་། མུ་མཐུད་འདི་ཕྱོགས་སུ་སེམས་པ་བཞག་ནས་འབད་ན་གྲུབ་འབྲས་བྱུར་བུ་སྨིན་ངེས། ཕ་བཟང་གི་བུ། ཤུགས་རྒྱོབ་ཤོག།