Sunday, August 25, 2013

ཆར་དུས་ཀྱི་རྡ་རམ་ས་ལ།

༄༅།།དེང་སང་ནི་རྡ་རམ་ས་ལར་ཆར་དུས་ཡིན་ཞིང་འབུ་སྲིན་མང་པོ་འཕེལ་རྒྱས་ཕྱིན་པ་མ་ཟད་ཉིན་ལྟར་དྲག་ཆར་བབས་པ། རི་ཀླུང་ཐམས་ཅད་ན་བུན་གྱི་ཁེངས་ཏེ་རྒྱ་མཚོའི་རྦ་རླབས་ལྟར་འཕྱོ་བཞིན་འདུག ག་ས་ག་ནས་ཆར་ཆུ་རྒྱུགས་ཏེ་ལམ་རྣམས་འཕྲོ་བརླག་ཕྱིན། ཁང་པ་མང་ཆེ་བར་བཞའ་ཚན་གྱིས་ཁེངས། མཚམས་རེ་ཉི་མ་ཤར་པ། སྐབས་རེ་ནམ་མཁའ་ལ་སྤྲིན་པ་འཁོར་ཡང་ཆར་པ་མི་བབས་པ། འབྲུག་སྒྲ་ཆེན་པོ་བརྒྱབ་པ། ས་ཡོམ་བརྒྱབ་པ་སོགས་བྱེད་ཀྱི་འདུག 

མི་རྣམས་ཡ་མ་དང་ཆམ་པ་ན་བ། གློ་བརྒྱབ་པ། གྲོད་ཁོག་བཤལ་པ། ཚ་བ་འབར་པ་སོགས་ནད་རིགས་འདྲ་མིན་སྣ་ཚོགས་ན་ཡི་འདུག


  ཁྲོམ་ལ་ཚལ་དང་ཤིང་ཏོག་སོགས་དཀོན་དུ་ཕྱིན་ཀྱང་ལི་དང་ཀུ་ཤུ་མང་པོ་བཙོང་རྒྱུ་འདུག མཚམས་རེ་ཆཪ་པ་ཆད་ཚེ་མི་ཉུང་ཤས་ཤིག་གིས་འཆམ་འཆམ་ལ་འགྲོ་བ་མ་ཟད་ཕྲུ་གུ་མང་ཆེ་བས་རྩེད་མོ་རྩེས་ཀྱི་འདུག དེང་སང་རྡ་རམ་ས་ལར་ཤ་མོའི་རིགས་སྣ་ཚོགས་མང་པོ་སྐྱེ་བཞིན་འདུག
     ཆར་དུས་ཡིན་ནའང་རྡ་རམ་ས་ལར་ཡུལ་སྐོར་སྤྲོ་འཆམ་པ་ཤིན་ཏུ་མང་པོ་སླེབས་ནས་མེག་ལོག་གྷན་ཇིའི་སྲང་ལམ་ཆུང་ཆུང་རྣམས་འཚང་ཁ་ཤིག་ཤིག་རེད་འདུག སྐབས་རེ་གནམ་དྭངས་ཏེ་ཉི་མ་ཤར་སྐབས་རི་ཀླུང་ཚང་མ་གཙང་ཞིང་དྭངས་ལ་སྔོ་ལྗང་གི་ལྗོན་ཤིང་གིས་གོས་གཡོག་པ་ལྟར་ཤིན་ཏུ་མཛེས་པས་ལྷའི་ཡུལ་ས་ལ་འཕོས་པ་ལྟར་འདུག 

        ངས་བྱས་ན་རྡ་རམ་ས་ལར་གནམ་གཤིས་འགྱུར་བ་ལམ་སེང་ལམ་སེང་འགྲོ་ཡི་འདུག བྱས་ཙང་རྡ་རམ་ས་ལར་བཞུགས་མཁན་རྣམས་ཀྱིས་གཟབ་གཟབ་མ་གནང་ན་ཆུ་ལོག་དང་ས་ཡོམ་བརྒྱབ་པའི་ཉེན་ཁ་འདུག དེང་སང་སྨུག་པ་མཐུག་ཅིང་། དྲག་ཆར་བབས་ཏེ་རྩི་ཤིང་འཕྲོ་བརླག་འགྲོ་བཞིན་འདུག ཆུའི་ནང་ལ་ནད་འབུ་ཡང་མང་པོ་འཕེལ་ཡོད་པས། མི་ཚང་མར་ཆུ་ཀ་ལ་ནས་ཆུ་ཐད་ཀར་མ་འཐུང་རོགས་ཞུ་རྒྱུ་དེ་ཡིན།། །།

No comments: