Tuesday, January 28, 2014

དགུན་དུས་ཀྱི་རྡ་ས།

གླིང་སྐོར་ལམ་ནས་བརྒྱབ།
༄༅།། དགུན་དུས་ཀྱི་རྡ་སར་སྐབས་རེ་ཚ་བ་ཆེ། སྐབས་རེ་དྲག་ཆར་བབས་པ། ཡང་མཚམས་མཚམས་ལ་རླུང་འཚུབ་བརྒྱབ་པ་དང་སེ་ར་བབས་པ། སྨུག་པ་འཐིབས་པ་སོགས་བྱེད་ཀྱི་འདུག ཡིན་ཡང་ད་ལོའི་དགུན་ཁའི་རྡ་སའི་གནམ་གཤིས་དེ་མགོ་ཚོད་རྒྱུ་མེད་པ་ཞིག་རེད་འདུག གང་ཡིན་ཟེར་ན་ཆར་སྤྲིན་་ནག་པོ་མཐུག་པོ་ཡོད་ཀྱང་ཆར་པ་ཡག་པོ་ཞིག་གཏན་ནས་བབས་ཐུབ་ཀྱི་མི་འདུག ཁྲོམ་ལ་ཚལ་ལྗང་ཁུའི་རིགས་འབེལ་པོ་ཡོད་སྟབས་ཚལ་རྙིང་པ་ཆགས་ཀྱི་འདུག དགུན་དུས་ཀྱི་རྡ་ས་ལ་རྩྭ་ལྡུམ་གྱི་རིགས་མང་པོ་མཐོང་རྒྱུ་མེད་པར་ཆགས་པ་དང་འབུ་སྲིན་དེ་ཚོ་ཡང་དགུན་ཉལ་བྱེད་ཀྱི་འདུག

 

ནེ་ཙོས་ཤིང་འབྲུ་ཟ་བཞིན་པ། 
ཕྱི་ལོགས་ལ་ཕྱིན་དུས་མེ་ཏོག་མེད་པ་དང་ཤིང་ནགས་ཚང་མ་ཐང་ཤིང་དང། གསོམ་ཤིང། ཤིང་སྟག་མ། བེ་ཏོའི་སྡོང་པོས་བཏུམ་འདུག་པ་དང་། རི་རྩེ་ཚང་མ་དཀར་ཞིང་གཙང་པའི་ཁ་བས་བཏུམ་འདུག ནམ་མཁའ་སྔོ་ལ་དྭངས་ཤིང་བྱ་གླག་སོགས་བྱ་རིགས་རྣམས་རང་དབང་བག་ཕེབས་ངང་ལྡིང་བཞིན་འདུག གླིང་སྐོར་གཡས་གཡོན་གྱི་ཤིང་ནགས་དཀྱིལ་ནས་རི་བྱ་ཁྱད་མཚར་དེ་འདྲ་མཐོང་རྒྱུ་འདུག་ལ་བྱིའུ་ཆུང་མཐེབ་རྡོག་སོགས་ཀྱི་སྐད་སྙན་གང་སར་ཐོས། མཚམས་རེ་སྤྲིན་དཀར་མཐུག་པོས་གངས་རིར་དར་རས་ནག་པོ་གཡོག་པ་བཞིན་གྲིབ་ནག་བཟོ་པར་འདྲ། 

 དགུན་དུས་སྐབས་སུ་རྡ་སར་གློག་རིན་ཆེན་པོ་ཐོབ་ཀྱི་ཡོད། གང་ཡིན་ཟེར་ན་མི་མང་པོས་ཚ་གློག་བེད་སྤྱོད་བཏང་གྱི་ཡོད། རྡ་སར་བོད་པ་མང་ཆེ་བས་ཐུག་པ་དང་རྒྱ་ཁོག མོག་མོག རྡལ་རིགས་ཀྱི་ཁ་ལག་བཟའ་ཡི་ཡོད། ཕྲུ་གུ་རྣམས་དགུན་ཁའི་གུང་གསེང་ཡིན་ཡང་ཉིན་ལྟར་རེ་བཞིན་ཞོགས་པ་སྔ་པོ་ནས་འབྲེལ་འབྲེལ་ཚུབ་ཚུབ་ངང་སྔར་རྒྱུན་ལྟར་སློབ་གྲྭར་སྐྱོད་བཞིན་འདུག་གོ།། །།

No comments: