Saturday, May 9, 2015

བདུན་ཕྲག་འདིའི་ཉིན་ཐོ།

༄༅།། ད་རེས་ཀྱི་གཟའ་སྤེན་པ་ནི་ཉིན་མ་སྐྱིད་པོ་ཞིག་རེད་འདུག ཉི་མ་ཤར་པ་མ་ཟད། ཉིན་གང་སྒྲུང་དེབ་ཀློག་ནས་བསྡད་པ་ཡིན། ནམ་རྒྱུན་པཱ་ལགས་ང་གཉིས་ཉོབ་ཆ་བརྒྱབ་བར་འགྲོ་ཡི་ཡོད། འོན་ཀྱང་དེ་རིང་ངེད་གཉིས་ཕྱིན་མེད།

  གཟའ་ཉི་མར། པཱ་ལགས་དང་ང། གློག་གི་མེ་འཁོར་ནང་བསྡད་དེ་རྒྱུན་མཁོའི་ཅ་ལག་ཉོ་སའི་ཚོང་ཁང་ཞིག་གི་ནང་ཕྱིན་ནས། ཚལ་དང། ཤིང་ཏོག འཁྲུས་རྫས། རྔན་པ། སྒོ་ང། འོ་མ། ཕྱུ་ར། ཤིང་ཏོག་ཁུ་བ་སོགས་ཟས་རིགས་ཉོས་པ་ཡིན། ནང་ལ་སླེབས་རྗེས་ཉིན་གུང་ཞལ་ལག་ཞིམ་པོ་ཞིག་ནང་མི་དང་མཉམ་དུ་བཟས་པ་ཡིན། དེ་རྗེས་པཱ་ལགས་ང་གཉིས་རྒྱ་གར་ཚོང་ཁང་ལ་ཕྱིན་ནས་འབྲས་དཀར་པོ་ དང་གྲོ་ཞིབ་ཀི་ལོ་བཅུ་རེ་དང། འབྲས་རྒྱ་སྨུག་ ཀི་ལོ་ལྔ་ཉོས་པ་ཡིན་། ཨོ་སོ་ཊོ་ལི་ཡའི་འབྲས་རྒྱ་གར་གྱི་འབྲས་ནང་བཞིན་ཞིམ་པོ་མི་འདུག

  གཟའ་ཟླ་བའི་ཉིན་སློབ་གྲྭ་ལ་རྒྱུག་ཤར་འགྲན་བསྡུར་ཡོད་པ་རེད། ཡིན་ནའི་ཆར་པ་བབས་པས། འགྲན་བསྡུར་མེད་པ་གཟའ་ལྷག་པ་ཉིན། ལུས་རྩལ་ཡོད། ལུས་རྩལ་དེའི་མིང་(Foot
Ball)ལབ་ཀྱི་འདུག དབྱིན་སྐད་དེའི་ནང་དོན་རྐང་རྩེད་པོ་ལོ་ཡིན་ནའི་ལུས་རྩལ་དེ་རྐང་རྩེད་པོ་ལོ་རེད་མི་འདུག པོ་ལོ་དེ་སྒོ་ངའི་དབྱིབས་ལྟར་རེད་འདུག པོ་ལོ་ལ་རྐང་པས་གཞུ་བ་དང་ལག་པས་འཁྱེར་པ་སོགས་མང་པོ་བྱེད་རྒྱུ་འདུག གཟའ་ཕུར་བུ་ལ་ང་ཚོར་(special skill)དམིགས་བསལ་ལག་རྩལ་གྱི་སློབ་ཚན་ཞིག་ཡོད། ང་རང་གིས་བདམས་པའི་དམིགས་བསལ་ལག་རྩལ་སློབ་ཚན་ནི་ཁ་ལག་བཟོ་སྟངས་སྦྱང་རྒྱུ་དེ་ཡིན། དེ་ཉིན་ང་དང་ངའི་འཛིན་གྲོགས་རྣམས་མཉམ་དུ་ཤ་རིལ་བཟོ་སྟངས་སྦྱངས་པ་ཡིན། ཤ་རིལ་བཟོས་སྟངས་ནི་ལས་སླ་པོ་རེད་འདུག

  དེ་ཡང་དང་པོ་ནི་ཇིན་ཚལ་ཏོག་ཙམ་གཙབས་གཙབས་ཡག་པོ་བཏང། དེ་རྗེས་ཙོང་ཕྱེད་ཀ་གཙབས་གཙབས་བཟོས། དེ་ནས་ཙོང་དང་ཇིན་ཚལ་དཀྲུག་དཀྲུག་ཡག་པོ་བཏང། དེ་རྗེས་ཤ་གཙབས་མ་དེ་བླུགས་ནས་ཡང་དཀྲུག་དཀྲུག་བཏང། ཡང་དབྱིན་ཇིའི་བག་ལེབ(bread)དུམ་བུ་ལྔ་ཆུའི་ནང་སྦང་ནས་ཤ་དང། མཉམ་དུ་དཀྲུག་དཀྲུག་བཏང། དེའི་སྒང་སྒོ་ང་དང། ཚྭ། ཨེར་མ། སྨན་སྣ། ཕྱེ་སྨན་རྣམས་བླུགས་ནས་དཀྲུག་དཀྲུག་ཡག་པོ་ཞིག་བྱས། དེ་ནས་རིལ་རིལ་བཟོས་ནས་སྣུམ་ནང་བསྲེགས་དུས་སྦོས་ནས་ཤ་རིལ་ཞིམ་པོ་ཞིག་ཆགས་ཀྱི་འདུག

  
  ངས་ཤ་རིལ་བཅུ་བཟོས་པ་ཡིན། སློབ་གྲོགས་གཞན་ཚོས་ཀྱང་དེ་བཞིན་བཟོས་སོང་། དེ་ནས་རྒན་ལགས་དང་ང་ཚོ་མཉམ་དུ་ཤ་རིལ་ཏོག་ཙམ་བཟས་པ་དང་ལྷག་མ་རྣམས་སློབ་ཕྲུག་སོ་སོའི་ནང་ལ་འཁྱེར། 
  
  ང་ནང་ལ་སླེབས་རྗེས་ཤ་རིལ་དེ་པཱ་ལགས་དང་ཨ་མ་ལགས་ལ་ཕུལ་པ་ཡིན། ཕ་མ་གཉིས་དགའ་པོ་བྱུང་པ་མ་ཟད། ཞིམ་པོ་དང་ཡག་པོ་འདུག་གསུང་སོང། ད་དུང་ང་ལ་ཤ་རིལ་བཟོ་སྟངས་བཀའ་འདྲི་གནང་སོང། ཉིན་དེ་ང་རང་སྐྱིད་པོ་བྱུང་ངོ་།། །།

No comments: