Friday, May 29, 2015

བདུན་ཕྲག་འདིའི་ནང་དམིགས་བསལ་གཉིས་བྱུང་བ།

༄༅།། བདུན་ཕྲག་འདིའི་ནང་༼༢༠༡༥ ཟླ་ ༥ ཚེས་ ༡༠ ནས་ ༡༦ བར་༽དམིགས་བསལ་གནས་ཚུལ་གཉིས་བྱུང་སོང།
  དམིགས་བསལ་གནས་ཚུལ་དང་པོ་ནི་ང་དང། ངའི་འཛིན་གྲྭའི་ནང་གི་སློབ་ཕྲུག་ཚང་མ་མཐོ་རིམ་སློབ་འབྲིང་ལ་འགྲོ་དགོས་པ་དེ་རེད། དེ་ཡང་། དབྱིན་ཇིའི་སློབ་ཚན་སྐབས་སུ། ང་ཚོའི་རྒན་ལགས་ཀྱིས་མཐོ་རིམ་སློབ་འབྲིང་སྐོར་ལ་སྐད་ཆ་བཤད་སོང། དེ་རྗེས་རྒན་ལགས་ཀྱིས་ང་ཚོ་ལ་ཤོག་བུ་ཞིག་སྤྲད་སོང། ཤོག་བུ་དེའི་ནང་། ང་ཚོ་མགྱོགས་པོ་གཞི་རིམ་སློབ་གྲྭ་ནས་མཐོ་རིམ་སློབ་འབྲིང་ལ་འགྲོ་དགོས་རེད་ཅེས་ལབ་འདུག ཐོག་མར་ཤོག་བུ་དེ་མཐོང་དུས་ང་དང་ངའི་འཛིན་གྲོགས་ཚོའི་སེམས་ནང་ལ། དེ་ནི་རྒན་ལགས་ཀྱིས་ང་ཚོ་ལ་སྦྱོང་བརྡར་སྤྲོད་ཆེད། བེད་སྤྱོད་གཏོང་རྒྱུའི་རྒྱུ་ཆ་ཞིག་རེད་བསམ་བྱུང་། ངའི་འཛིན་གྲོགས་གཅིག་གིས་ཤོག་བུ་དེའི་ནང་དོན་དངོས་གནས་རེད་མ་རེད། སྐད་ཆ་བྲིས་སོང། ང་ཚོའི་རྒན་ལགས་ཀྱིས། དངོས་གནས་རེད་ཅེས་གསུངས་སོང། དེ་གོ་བས་ང་དང་ངའི་འཛིན་གྲོགས་མང་ཆེ་བ་ཧོན་འཐོར་བྱུང་ངོ་།

  ཤོག་བུ་དེའི་ནང་ང་རང་གིས་མཐོ་རིམ་སློབ་གྲྭ་གསུམ་བདམ་ཆོག་གི་འདུག གསུམ་གྱི་ནང་ནས་མཐོ་རིམ་སློབ་གྲྭ་གཅིག་ནི་ང་ཚོའི་ས་ཁུལ་གྱི་མཐོ་རིམ་སློབ་གྲྭ་ངེས་པར་ཡིན་དགོས་ཀྱི་འདུག མཐོ་རིམ་སློབ་གྲྭ་གཉིས་ས་ཁུལ་གང་ནས་བདམས་ནའང་འགྲིག་གི་བདུག

  གནས་ཚུལ་གཉིས་པ་དེ་ནི་ང་དང་ངའི་འཛིན་གྲོགས་དང་། སློབ་ཕྲུག་གཞན་ཁ་ཤས་རྒྱལ་ས་ཁེན་བྷ་ར་ (Canberra) ལ་འགྲོ་ཡ་རེད། ང་ཚོ་ཁེན་བྷ་ར་ལ་ཉི་མ་གསུམ་བསྡད་ཡ་རེད། ང་ཚོ་སློབ་གྲྭ་ནས་ ༢༠༡༥།༦།༢༢ ཆུ་ཚོད་༨:༣༠ ལ་ཐོན་དགོས་པ་དང་། ཚུར་ནང་ལ་ ༢༠༡༥།༦།༢༤ ཡི་ཆུ་ཚོད་ ༤:༡༥ ལ་སླེབས་ཀྱི་རེད། ང་ཚོ་སྡོད་སའི་མགྲོན་ཁང་ནི་ (YMCA Bush Capital Lodge) རེད་འདུག དེའི་ནང་ཞལ་ལག་དང། ཉལ་ཁྲི། ལྟད་མོ་སོགས་མང་པོ་ཡོད།
  ང་ཚོ་ཁེན་བྷ་ར་བསྡད་རིང་ས་ཆ་མང་པོ་ལ་འགྲོ་དགོས་ཀྱི་འདུག ས་ཆ་དེ་ཚོའི་མིང་ནི་ Gold Creek Station ཞེས་པའི་ཕྱུགས་ཟོག་ར་བ་དང། Australian Institute of sport ཞེས་པའི་ལུས་རྩལ་སྦྱོང་བརྡར་ཁང་། Questacon ཞེས་པའི་ཚན་རིག་གི་ལྟེ་གནས་ཁང་། National Museum of Australian ཞེས་པའི་རྒྱལ་ཡོངས་འགྲེམས་སྟོན་ཁང་། High Court of Australia ཞེས་པའི་ཨོ་སི་ཊོ་ལི་ཡའི་ཆེས་མཐོའི་ཁྲིམས་ཁང་། Mount Ainslie Lookout ཞེས་པའི་རི་སྟེང་ནས་རྒྱལ་སར་རྒྱང་ལྟ་བྱེད་ས། National Botanic Gardens ཞེས་པའི་རྒྱལ་ཡོངས་སྐྱེད་ཚལ་ཆེན་མོ། Parliament House of Australia དེ་མིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་དང་ National Gallery of Australia རྒྱལ་ཡོངས་སྒྱུ་རྩལ་འགྲེམ་སྟོན་ཁང་བཅས་ཚང་མ་ལ་འགྲོ་དགོས་ཀྱི་འདུག

  ང་དང་ངའི་ནང་མི་རྣམས་གོང་གི་ས་ཆ་དེ་དག་མང་ཆེ་བ་ལ་ཕྱིན་མེད། བྱས་ཙང་ང་དེ་ཚོ་ལ་འགྲོ་འདོད་ཧ་ཅང་ཆེན་པོ་ཡོད། གནས་ཚུལ་དམིགས་བསལ་གཉིས་དེ་ནི་ཡག་པོ་ཞིག་ཡིན་པ་མ་ཟད། དེ་གཉིས་ལ་བརྟེན་ནས་ང་ལ་ཉམས་མྱོང་གསར་པ་རག་ས་རེད་འདུག ། །།

No comments: