Thursday, January 7, 2016

ངའི་ཨ་ཅག

༄༅།། ངའི་ཨ་ཅག་གི་མིང་ལ་སྟན་འཛིན་ནོར་འཛིན་ཟེར་གྱི་ཡོད། ངའི་ཨ་ཅག་ལགས་ནི་འཛམ་གླིང་ནང་གི་ངའི་སྤུན་མཆེད་ཉེ་ཤོས་དང་། རོགས་པ་ཡག་ཤོས། མིག་དཔེ་ཡག་ཤོས་ཀྱི་མི་དང་ཨ་ཅག་ཡིན། ངའི་ཨ་ཅག་ནི་དེང་སང་ལོ་བཅོ་བརྒྱད་ཡིན་པ་དང། མཐོ་རིམ་སློབ་གྲྭ་ནས་ཐོན་ཚར་ཏེ་སློབ་གྲྭ་ཆེན་མོ་(University)ཨོ་སི་ཊོ་ལི་ཡའི་ནང་ནས་ཡག་ཤོས་གཅིག་ལ་འགྲོ་རྩིས་བྱེད་ཀྱི་ཡོད་དོ།།

  ངའི་ཨ་ཅག་གིས་ང་ལ་ག་དུས་ཡིན་ནའི་སློབ་སྦྱོང་གི་དཀའ་ངལ་སེལ་རོགས་བྱེད་པ་མ་ཟད། དེང་སང་ང་ལ་འཛིན་གྲྭ་བརྒྱད་པའི་ཨང་རྩིས་བསླབས་ཀྱི་འདུག ངའི་ཨ་ཅག་གིས་མཚམས་རེ་ངའི་དབྱིན་ཇིའི་རྩོམ་ལ་བལྟ་བ་དང། བཟོ་བཅོས་བརྒྱབ་རོགས་སོགས་བྱེད་ཀྱི་འདུག གཞན་ཡང་ངའི་ཨ་ཅག་གིས་མཚམས་རེ་ང་ལ་དབྱིན་ཇིའི་ཚིག་གསར་བ་བསླབས་པ་དང། ང་ལ་དགོས་པའི་ཡིག་ཆ་དང་རྩོམ་ཤོག་གི་རིགས་བཙལ་ཏེ་པར་བརྒྱབ་རོགས་(Print) བྱེད་ཀྱི་འདུག མཚམས་རེ་ང་དང་ངའི་ཨ་ཅག་འགྲན་བསྡུར་བྱེད་ཀྱི་ཡོད།

  ངའི་ཨ་ཅག་ནི་ཤ་མེད་དཀར་སྐྱོང་བྱེད་མཁན་ཞིག་ཡིན་པས། ཤ་རྩ་བ་ནས་བཟའ་ཡི་མེད། ཁོང་མཚམས་རེ་ཁ་ལག་མངར་མོ་ལ་དགའ་པོ་ཡོད་པ་དང། རྒྱུན་དུ་ཁོང་ཚལ་ལ་ཡང་དགའ་པོ་ཡོད་རེད། ངའི་ཨ་ཅག་དམིགས་བསལ་དབྱིན་ཇིའི་ཁ་ལག་(Pizza)ཞེས་པ་དེ་ལ་དགའ་པོ་ཞེ་དྲགས་ཡོད་པ་དང་ང་ནང་བཞིན་རྒྱ་གར་གྱི་ཁ་ལག་ལ་ཡང་དགའ་པོ་ཡོད། ད་དུང་ངའི་ཨ་ཅག་གིས་ཁ་ལག་འདྲ་མིན་མང་པོ་བཟོ་ཐུབ་ཀྱི་ཡོད་པ་དེ་ཚོ་མང་ཆེ་བ་ཞིམ་པོ་ཡོད།

  ངའི་ཨ་ཅག་གི་ཚོན་ཁྲ་དགའ་ཤོས་ལྗང་ཁུ་ཡིན་པ་དང། སྒྲུང་དེབ་ཀློག་ཡ་དང་གཉིད་ཁུག་ཡ། གློག་ཀླད་རྩེད་ཡ་ལ་དགའ་པོ་ཡོད། ངའི་ཨ་ཅག་ནི་ལས་ཀ་བྱས་ན་ཡག་པོ་བྱས་ནས་བྱེད་མཁན་ཞིག་ཡིན་པ་དང་སློབ་སྦྱོང་ཡག་པོ་ཡོད་པ་། གཤིས་ཀ་ཡང་ཧ་ཅང་འཇམ་པོ་བཅས་ཡོད།

  ངའི་ཨ་ཅག་ནི་ང་རང་གི་སྤུན་མཆེད་དང། རོགས་པ་བྱེད་མཁན། དགེ་རྒན། མིག་དཔེ་བལྟ་ས་བཅས་ཡིན་ནོ།། །།





No comments: