Thursday, January 15, 2015

ང་ཚོའི་ནང་གི་ཐང་ག།

༄༅།། ཐང་ག་ནི་བོད་པ་དང་ནང་པར་དངོས་པོ་གལ་ཆེན་པོ་ཞིག་ཡིན། ཐང་གའི་ནང་ ནང་པས་དད་པ་ཞུ་སའི་ལྷ་དང་མི་རྣམས་ཀྱི་གཟུགས་དཔར་ཡོད། ཐང་ག་ལ་རིགས་གཉིས་ཡོད། རིགས་དེ་གཉིས་ནི། ཐང་ག་བྲིས་མ་དང། ཐང་ག་འཚེམས་དྲུབས་ཡིན། ཐང་ག་བྲིས་མ་ནི། ལག་པས་རི་མོ་བྲིས་པ་ཞིག་ཡིན་པ་དང། འཚེམས་དྲུབས་དེ། འཚེམས་བུ་བརྒྱབ་ནས་བཟོས་པ་རེད། དེང་སང་ཐང་ག་ཁ་ཤས་དཔར་བརྒྱབ་ནས་བཟོས་པ་ཡང་འདུག།

ང་ཚོའི་ནང་ལ་ཐང་ག་བཞི་ཡོད། དེ་རྣམས་ནི་རྗེ་བཙུན་འཇམ་དཔལ་དབྱངས་གཅིག་དང། སྒྲོལ་ལྗང་གཉིས། ཐོན་མི་སམ་བྷོ་ཊ་གཅིག་བཅས་ཡོད། ཡིན་ནའི་ང་ཚོའི་ནང་གི་ཐང་ག་ཚང་མ་བྲིས་མ་ཡིན། དེའི་ནང་ལ་ཐང་ག་ཆེན་པོ་གཉིས་ཡོད་པ་དང། ཆུང་ཆུང་གཉིས་ཡོད། ངས་བལྟ་དུས་ཐང་ག་རྣམས་ལྗིད་ཁོག་ཚ་མདོག་ཁ་པོ་འདུག་སྟེ། ལག་པས་བཀྱག་དུས། ལྗིད་ཁོག་ཞེ་དྲགས་མི་འདུག


ང་ཚོའི་ནང་གི་འཇམ་དཔལ་དབྱངས་ཀྱི་ཐང་ག་དེ་ནི། ང་ལོ་གཉིས་གཡས་གཡོན་ལ། ངས་སྐད་ཆ་སྒྲ་དག་པོ་བཤད་ཀྱི་མེད་པས། ཕ་མ་གཉིས་སེམས་ཁྲལ་ལངས་ནས། བཞེངས་གནང་པ་རེད། ཐང་ག་དེ་ནི་ཚོན་ལྗང་ཁུའི་སྟེང་ལ། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་འདྲ་དམར་གསེར་ཞིག་དང། ཞབས་གཡས་པའི་འོག་ལ། སྤྱན་རས་གཟིགས་ཕྱག་བཞི་པའི་སྐུ་མདོག་དཀར་པོ་ཆུང་ཆུང་ཞིག་འདུག ཞབས་གཡོན་མའི་འོག་ཏུ། ཕྱག་ན་རྡོ་རྗེ་ཡི་སྐུ་འདྲ་སྔོ་ནག་ཡིན་ཞིང་སྐུའི་མཐའ་ལ་མེ་འབར་བཞིན་པ་ཆུང་ཆུང་ཞིག་འདུག དེའི་མཐའ་ལྕགས་ལི་སེར་སྟེང་དུ་མེ་ཏོག་པད་མའི་རི་མོ་མང་པོ་འདུག་པས། སྙིང་རྗེ་མོ་ཞེ་དྲགས་འདུག

ང་ཚོའི་ནང་གིསྒྲོལ་ལྗང་གཉིས་དེ། ཨོ་སོ་ཊི་རི་ཡ་ལ་མ་འགྲོ་གོང། ང་ཚོའི་གྲོགས་པོ་རྣམས་ཀྱིས་གནང་བྱུང། ང་ཚོའི་སྒྲོལ་ལྗང་གི་ཐང་ག་ཆུང་བ་དེ་གཞི་གདན་ལྗང་ནག་སྟེང། སྒྲོལ་ལྗང་གཅིག་པོའི་སྐུ་འདུག དེའི་མཐའ་ལྕགས་གོས་ཆེན་གཞི་གདན་སྔོ་ནག་སྟེང་སྤྲིན་པའི་རི་མོ་ཆེ་ཆུང་མང་པོ་འདུག ཡིན་ནའི་སྒྲོལ་མའི་ཐང་ག་ཆུང་བ་དེ་གསལ་པོ་འདུག ཆེ་བ་དེའི་ནང་གཞི་གདན་ཐལ་མདོག་དཀྱིལ་དུ་སྒྲོལ་ལྗང་གི་སྐུ་ལྗང་ཁུ་ཆེ་བ་ཞིག་དང། དེའི་གཡས་གཡོན་སྒྲོལ་ལྗང་འདྲ་པོའི་ལྷ་ཆེ་ཆུང་མང་པོ་ཞེ་དྲགས་འདུག དེ་ནང་རི་མོ་མང་པོ་ཡོད་ནའི། གསལ་པོ་ཞེ་དྲགས་མི་འདུག དེའི་མཐའ་ལྕགས་གཞི་སྔོ་ནག་སྟེང། མེ་ཏོག་པད་མ་འདུག

ཐོན་མི་སམ་བྷོ་ཊའི་ཐང་ག་དེ་ནི་ངའི་པཱ་ལགས་བོད་ཀྱི་རིག་གཞུང་དང། ལོ་རྒྱུས་ལ་དགའ་པོ་ཡོད་པས། ངའི་པཱ་ལགས་ཀྱིས་ཆེད་དུ་བཞེངས་པ་ཞིག་རེད། ཐང་ག་དེའི་ནང། ཐོན་མི་སམ་བྷོ་ཊ་གཞུགས་གདན་སྟེང་དཀྱིལ་དཀྲུང་དུ་བཞུགས་འདུག ཕྱག་གཡོན་མ་ལ་སྦྱང་ཤིང་སྟེང་། བོད་ཡིག་གི་གསལ་བྱེད་རྣམས་རེ་རེ་བཞིན་བྲིས་གནང་གིས་འདུག ཐང་ག་དེ་མཐའ་ལྕགས་གཞི་ལི་ཝང་ཡིན་པ་དང། དེའི་སྟེང་ལ་མེ་ཏོག་པད་མ་ཚོན་ཁྲ་འདྲ་མིན་སྣ་ཚོགས་འདུག

ངའི་ནང་གི་ཐང་ག་ཚང་མའི་ནང་ནས་ངའི་དགའ་ཤོས་ནི་ངའི་ཆེད་དུ་བཞེངས་གནང་པའི་ རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཐང་ག་དེ་ཡིན་ནོ།། །།








No comments: