Sunday, January 25, 2015

མཐིང་མདོག་རི་བོ་( Blue Mountain )ལ་ཕྱིན་པའི་ཉིན་མོ།

༄༅།། དེ་རིང་ནི་ཉིན་མོ་དམིགས་བསལ་ཞིག་ཡིན། ག་རེ་བྱེད་ནས་ཡིན་ཟེར་ན། ང་ཚོ་དེ་རིང་མཐིང་མདོག་རི་བོ་ལ་འགྲོ་ཡ་རེད། བྱས་ཙང་ང་དང། ངའི་ནང་མི་རྣམས་ཞོགས་པ་སྔ་པོར་ཡར་ལངས་པ་ཡིན། དེ་རྗེས་ང་དང། ངའི་ནང་མི་རྣམས། ལམ་ཁ་ལ་འགྲོ་སྟངས་དེ་ཚོ་དྲ་རྒྱའི་ནང་བལྟས་པ་ཡིན།

ཆུ་ཚོད་བདུན་དང་ཕྱེད་ཀའི་གཡས་གཡོན་ལ། ང་ཚོའི་སྤུན་མཆེད་དང་གྲོགས་པོ། གྲོགས་མོ་ཚོ་སླེབས་སོང་བས། ང་ཚོས་ལྟོ་ཕད་འཁྱེར་ནས། སྐར་མའི་ལྔའི་ལམ་ཁ་ལ་ཡོད་པའི་མེ་འཁོར་བབས་ཚུགས་ལ་ཕྱིན་པ་ཡིན།

ང་ཚོ་མེ་འཁོར་བབས་ཚུགས་ནས་གཟའ་ཉི་མའི་ནང་མི་མཉམ་སྐྱོད་ཀྱི་དམིགས་བསལ་པ་སེ་དེ་ཉོས་ནས་བབས་ཚུགས་( Central )ལ་ཕྱིན་པ་ཡིན། ང་ཚོ་དེར་སླེབས་དུས། ང་ཚོ་འགྲོ་སའི་མེ་འཁོར་ལྕགས་ལམ་ལ་བཟོ་བཅོས་བྱེད་ཀྱི་ཡོད་པས། ང་ཚོ་དམིགས་བསལ་གྱི་སྤྱི་སྤྱོད་རླངས་འཁོར་ནང་ཕྱིན་པ་ཡིན། ང་ཚོ་སྤྱི་སྤྱོད་རླངས་འཁོར་ནང་གཞས་ཉན་པ་དང། སྒྲུང་དེབ་ཀློག་པ། གཉིད་ཉལ་པ་སོགས་བྱས་པ་ཡིན།

ང་ཚོ་གྲོང་རྡལ་ནག་པོ་(Black Town)ཟེར་བའི་མེ་འཁོར་བབས་ཚུགས་ལ་སླེབས་དུས། ང་ཚོའི་སྤྱི་སྤྱོད་རླངས་འཁོར་ནས་མར་དོན་ནས་མེ་འཁོར་བབས་ཚུགས་ལ་ཕྱིན་པ་ཡིན། ང་ཚོའི་མེ་འཁོར་དེ་སླེབས་པར་ཆུ་ཚོད་ཕྱེད་ཀ་འགོར་གྱི་འདུག་པས། ང་ཚོ་གྲིབ་ནག་ཅིག་ལ་བསྡད་པ་ཡིན།

ཆུ་ཚོད་ཕྱེད་ཀའི་རྗེས་སུ་ང་ཚོའི་མེ་འཁོར་དེ་སླེབས་སྐབས། ང་ཚོ་ཚང་མ་ཡར་ལངས་ནས་མེ་འཁོར་ནང་འཛུལ་པ་ཡིན། མེ་འཁོར་དེ་ནམ་རྒྱུན་དང་མི་འདྲ་བར་ཧ་ཅང་ཁུ་སིམ་པོ་དང་བསིལ་པོ་འདུག ང་ཚོ་འགྲོ་སའི་བབས་ཚུགས་དེ་ཐག་རིང་པོ་ལ་ཡོད་པས། ང་ཚོས་ལམ་བར་དུ་རྔན་པ་བཟས་སོགས་བྱས་པ་ཡིན།

ཆུ་ཚོད་གཉིས་ཙམ་རྗེས་ལ་ང་ཚོ་མཐིང་མདོག་རི་བོ་ཡི། མེ་འཁོར་བབས་ཚུགས་( Katoomba )ལ་སླེབས་སོང། ང་ཚོ་དེར་སླེབས་རྗེས་སྤྱི་སྤྱོད་རླངས་འཁོར་ནང་ཕྱིན་པ་ཡིན། དེ་རྗེས་ང་ཚོ་( Echo Point )ཟེར་བའི་ས་ཆ་སྐྱིད་པོ་དེ་ལ་ཕྱིན་པ་ཡིན། དེར་སླེབས་རྗེས་ང་ཚོ་བུ་མོ་སྤུན་གསུམ་ཟེར་བའི་རི་( Three sister )གསུམ་མཉམ་དུ་ཡོད་པ་ཞིག་འདུག་པ་དེའི་འགྲམ་ལ་ཕྱིན་པ་དང། དེའི་ཆེད་དུ་གོམ་པ་མང་པོ་བརྒྱབ་པ་དང་རྡོ་བཀྱག་མང་པོ་ཞེ་དྲགས་ཡར་འཛེགས་པ་ཡིན། དེ་རྗེས་ང་ཚོ་( Sky Way )ཟེར་བའི་གློག་གི་སྦྲེང་ནང་བསྡད་དེ་རི་ཕར་ཕྱོགས་ལ་ཕྱིན་པ་ཡིན། ང་དང་པོ་མ་འཛུལ་གོང་ལ་ཞེད་སོང་། རྒྱུ་མཚན་ནི་དེ་རི་གཅིག་ནས་རི་གཞན་ཞིག་ལ་འགྲོ་ཡི་ཡོད་པ་དང། ལམ་ཁར་གཡང་ཞེད་སྣངས་ཚ་པོ་འདུག ཡིན་ནའི་ནང་ལོགས་ལ་སླེབས་དུས་ཞེད་སྣང་གཅིག་ཀྱང་མི་འདུག

དེ་རྗེས་ང་ཚོ་ཉིན་དགུང་ཁ་ལག་བཟས་པ་ཡིན། ཉིན་དགུང་ཁ་ལག་ཞིམ་པོ་ཞེ་དྲགས་བྱུང་པ་མ་ཟད། ད་དུང། ང་ཚོར་ཆུ་གྲང་མོ་འཁྱགས་པ་མཉམ་དུ་བླུགས་པ་དེ་འདྲ་རིན་མེད་ལ་རག་བྱུང་། དེ་རྗེས་ང་ཚོ་( Rail Way )ཟེར་བའི་མེ་འཁོར་ཐུར་དུ་འགྲོ་མཁན་དེའི་ནང་ཕྱིན་པ་ཡིན། ང་དང་པོ་ཞེད་སོང། ག་རེ་བྱས་ནས་ཟེར་ན། དེ་འཛམ་གླིང་ནང་གི་མེ་འཁོར་ཐུར་གཟར་ཤོས་ལ་འགྲོ་མཁན་དེ་རེད་འདུག ཡིན་ནའི་ང་ཚོ་མེ་འཁོར་ནང་ལ་བསྡད་དུས་སྐྱིད་པོ་ཡོད་པ་ལས་ཞེད་སྣང་ཚ་པོ་གཅིག་ཀྱང་མི་འདུག དེ་ནས། ང་ཚོ་མར་དོན་ནས། ཆར་ཤོད་ནགས་ཚལ་ནང་གི་ལམ་ཁར་ཕྱིན་པ་ཡིན། ལམ་ཁར་རྩི་ཤིང་རྙིང་རྗེ་མོ་དེ་འདྲ་དང། ཁྱད་མཚར་པོ་སོགས་འདྲ་མིན་སྣ་ཚོགས་འདུག

ཆུ་ཚོད་གཉིས་རིང་གོམ་པ་བརྒྱབ་ཚར་པའི་རྗེས་ལ་ང་ཚོ་རི་སྟེང་འགྲོ་མཁན་གྱི་མེ་འཁོར་ནང་ཡར་ཕྱིན་ནས། སྤྱི་སྤྱོད་རླངས་འཁོར་བརྒྱུད་མེ་འཁོར་བབས་ཚུགས་ལ་ཕྱིན་པ་ཡིན། དུས་ཚོད་གང་ཙམ་རྗེས་ལ་ང་ཚོ་མེ་འཁོར་བབས་ཚུགས་ལ་སླེབས་སྐབས། མི་ཚང་མ་གསང་སྤྱོད་ལ་ཕྱིན་སོང། དེ་རྗེས་མེ་འཁོར་སླེབས་སོང་པས་ནང་ལ་ལོགས་ཕྱིན་པ་ཡིན། ང་ཚོ་ཡང་བསྐྱར་གྲོང་བརྡལ་ནག་པོ་( Black Town )ཟེར་པ་དེ་ལ་སླེབས་སྐབས་ཏོག་ཙམ་ཕྱི་པོ་ཆགས་ཡོད་པས། ལམ་སང་མེ་འཁོར་ནང་སོ་སོའི་ནང་ལ་ལོག་ཕྱིན་པ་ཡིན།

ང་ཚོ་ནང་ལ་ཆུ་ཚོད་ ༨ དང་ཕྱེད་ཀ་ཙམ་སླེབས་སོང་པས་སྟབས་བདེའི་ཐུག་པ་བཏུང་། སོ་བཀྲུས། གཉིད་སྐྱིལ་པོའི་ངང་མར་ཉལ་པ་ཡིན། དེ་རིང་ང་མཐིང་མདོག་རི་བོ་ལ་སྐྱིད་པོ་ཞེ་དྲགས་བྱུང་།། །།

No comments: