Thursday, January 1, 2015

ཨོ་སེ་ཊི་ལི་ཡའི་ཕྱི་ལོའི་གནམ་གང་གི་ཉིན་ཐོ།

༄༅།། ཆུ་ཚོད་ ༢ པ་ལ་ང་དང་ངའི་ནང་མི་རྣམས་ཕྱི་ལོའི་ལོ་ ༢༠༡༤ ལོའི་ཟླ་ ༡༢ ཀྱི་ཚེས་ ༣༡ ཉིན་རྒྱབ་གནམ་གང་གི་ཤོག་སྦག་ལ་བལྟ་བར་ཕྱིན་པ་ཡིན། ང་ཚོ་མ་ཕྱིན་གོང་ཨ་མ་ལགས་དང་ངས་( Cake )བག་ལེབ་མངར་མོ་ཞིག་བཟོས་པ་ཡིན། ང་ཚོས་དཔར་ཆས་དང། གདན། རྔན་པ། ཁ་ལག སྒྲུང་དེབ། སྟོད་ཐུང་སོགས་དགོས་མཁོ་རྣམས་འཁྱེར་པ་ཡིན། ང་ཚོའི་མཉམ་དུ་ངའི་པཱ་ལགས་ཀྱི་སྤུན་མཆེད་ཁྱིམ་ཚང་གཉིས་མཉམ་དུ་ཕེབས་གནང་སོང།
  ང་ཚོ་མེ་འཁོར་བབས་ཚུགས་ལ་སླེབས་སྐབས། ང་ཚོའི་སྤུན་མཆེད་ཀྱང་སླེབས་ཡོད་པས། ང་ཚོ་ཚང་མ་མཉམ་དུ་ཕྱིན་པ་ཡིན། ང་ཚོ་ཚང་མ་བབས་ཚུགས་( Dulwich Hill )ནས་( circular Quay )བར་ཕྱིན་པ་ཡིན། ང་ཚོ་མེ་འཁོར་བབས་ཚུགས་ལ་སླེབས་ཚར་རྗེས། ང་ཚོས་མགྱོགས་མྱུར་ངང་གྲུ་ཁ་ལ་ཕྱིན་ནས། ལག་འཁྱེར་པ་སེ་ཉོས་པ་ཡིན།

   གྲུ་གཟིངས་ནང་ང་ཚོ་སྡོད་ས་ཡག་པོ་རག་པ་མ་ཟད། ཡུལ་ལྗོངས་ཀྱང་ཡག་པོ་མཐོང་གི་འདུག ང་ཚོའི་ཨོ་སེ་ཊེ་ལི་ཡའི་( opera house, harbour bridge )སོགས་འཁྲིས་ནས་ཡག་པོ་ཞེ་དྲགས་མཐོང་སོང། ཆུ་ཚོད་ཕྱེད་ཀའི་རྗེས་ལ། ང་ཚོ་བབས་སའི་གྲུ་ཁ་ལ་སླེབས་སྐབས་རྒྱ་མཚོའི་རླུང་གྲང་མོ་རྒྱབ་སོང། ང་ཚོ་གྲུ་ཁའི་ཕྱིར་ཐོན་ནས། མཚོ་མགྲམ་གྱི་སྤང་ལྗོངས་ལ་སྡོད་ས་ཟིན་པ་ཡིན། གཡས་གཡོན་གང་སར་ལྟད་མོ་ལྟ་མཁན་ཧ་ཅང་མང་པོ་འདུག ལ་ལས་གུར་བརྒྱབ་ནས་བསྡད་འདུག ཁ་ཤས་རྐུབ་བཀྱག་དང་གདན་བརྒྱབ་ནས་བསྡད་འདུག ཚང་མས་ཟས་རིགས་དང་བཏུང་བྱ་འདྲ་མིན་སྣ་ཚོགས་འཁྱེར་འདུག

   དེ་ནས་ང་ཚོ་ཚང་རྔན་པ་ཁ་ཕྱེ་ནས་བཟས་པ་དང་རྩེད་མོ་རྩེས་པ་དང་། རྒྱ་མཚོའི་འགྲམ་དུ་འཆམ་འཆམ་སོགས་མང་པོ་ཞེ་དྲགས་བྱས་པ་ཡིན། ཆུ་ཚོད་བདུན་པ་གཡས་གཡོན་ལ་ང་ཚོའི་གྲོགས་པོ་ཅོ་ཅོ་དམ་ཆོས་ལགས་ཕེབས་ནས། ས་ཆ་གཞན་ཞིག་ལ་ཤོག་གསུང་སོང་བས། ང་ཚོས་ཅ་ལགས་ཚང་མ་འཁྱེར་པ་ཡིན།

   སྐར་མ་ ༡༥ ཙམ་རྗེས་ལ་ང་ཚོ་ས་ཆ་གཞན་དེར་སླེབས་སོང། འདིར་མི་ཚོགས་ཆེན་པོ་དང་ས་ཆ་ཡང་ཤིན་ཏུ་རྒྱ་ཆེན་པོ་འདུག་པ་དང། རྩེད་མོ་མང་པོ་ཞེ་དྲགས་རྩེས་ས་འདུག་པས་ང་ཚོས་རྩེད་མོ་བརྩེས་པ་ཡིན།

   དགོང་མོ་ཆུ་ཚོད་དགུ་པའི་སྐབས་སུ་ཤོག་སྦག་ཐེངས་དང་པོ་དེ་སྤར་སོང་བས་མི་མང་པོས་དཔར་རྒྱབ་པ་དང་ལྟད་མོ་བལྟས་སོང། སྐར་མ་ཁ་ཤས་རྗེས་ཤོག་སྦག་ཚར་སོང་པས་མི་ཚང་མ་མཚོ་འགྲམ་གྱི་གླིང་ཁའི་ནང་རང་འཇགས་བསྡད་སོང། ང་ཚོས་གྲོས་བསྡུར་བྱས་ནས་ཆུ་ཚོད་ ༡༢ བར་དུ་སྡོད་རྒྱུ་བྱས། ང་ཚོས་རྩེད་མོ་མང་པོ་རྩེས་པ་ཡིན།

   ཤོག་སྦག་གཉིས་པ་དེ་ཆུ་ཚོད་ ༡༠:༤༠ ལ་བརྒྱབ་སོང་། དེ་དུས་ཤོག་སྦག་ཉུང་ཉུང་རེད་འདུག་པས། ང་གཉིད་ཤོར་སོང། ཆུ་ཚོད་ ༡༢ ཀྱི་ཤོག་སྦག་དེ་རྒྱུན་རིང་པོ་དང་སྙིང་རྗེ་མོ་ཞེ་དྲག་འདུག དེ་རྗེས་ང་ཚོ་ནང་ལ་ལོག་ཕྱིན་པ་ཡིན། ང་དང་ངའི་ནང་མི་རྣམས་ནང་ལ་ཆུ་ཚོད་ ༢ དང་ཕྱེད་ཀ་ལ་སླེབས་སོང། དུས་ཚོད་ཕྱི་པོ་ཆགས་ཡོད་པས་ང་རང་ལམ་སེང་ཉལ་པ་ཡིན། དེ་རིང་གི་ཉིན་མོ་དེར་ང་སྐྱིད་པོ་དང་དཀའ་ལས་ཁག་སོང།། །།





1 comment:

ཚེ་གཡང་མ said...

བུ་སྐྱིད་པོ་བྱུང་འདུག རྗེས་མ་སྤྲོ་འཆམ་འགྲོ་དུས་མི་འདྲ་ས་གང་དང་བསམ་ཚོར་གསར་པ་གང་ཡོད་མང་ཙམ་བྲིས་ཨ། མུ་མཐུད་བརྩོན་འགྲུས་ལྷོད་མེད་བྱེད་ཨ། བུ་རྩེ་གྲ་ཞིག་ཆགས་པ་བྱེད་དགོས་རེད་ད། ལོ་གསར་པའི་ནང་ཁྱེད་ནང་མི་ལྷན་རྒྱས་སྐུ་གཟུགས་གསལ་ཐང་དང་བྱ་བ་ལམ་ལྷོང་བསམ་དོན་ལྷུན་འགྲུབ་ཡོང་བ་ཤོག